༢༠༡༥ ཟླ་ ༣ ཚེས་ ༢༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་འདུ་དགུ་པའི་ལས་ཉིན་བཅུ་པའི་ཐོག ཕྱི་ཚེས་ ༢༣ ཉིན་གྱི་ལས་རིམ་ཁོངས་སུ་ཡོད་པའི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༡༨ པའི་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༧ པའི་ནང་།
རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཤི་ཡའི་(Australasia)ཁུལ་དུ་སྤྱི་འཐུས་གཅིག་གི་ཐོབ་ཐང་སྤྲོད་དགོས་མིན་གྱི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཐད་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་རིགས་ལ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་ལྟར། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲི་ལེ་ཤི་ཡ་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་གི་ཐོབ་ཐང་སྤྲོད་རྒྱུར་སྤྱི་འཐུས་གྲངས་ ༢༩ རྩ་འབོར་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་གནང་བར་སོང་། ས་ཁུལ་དེ་དག་ནས་སྤྱི་འཐུས་གཅིག་གི་ས་མིག་གསར་དུ་གཏན་འབེབས་གནང་ཡོད།།