༢༠༡༥ ཟླ་ ༣ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུ་བདུན་ཕྲག་གཅིག་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སོང་།
དེ་ཡང་༸གོང་ས་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༨ ཉིན་བཞུགས་སྒར་ནས་ལྡི་ལིར་ཆིབས་སྒྱུར་གྱིས་ཕྱི་ཚེས་ ༡༩ ཉིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཏཱཇ་མ་ཧཱལ་གསོལ་མགྲོན་ཁང་དུ་ཤྲི་ལངྐཱ་ Sri Lanka ནས་ཕེབས་པའི་གནས་བརྟན་སྡེ་པའི་དགེ་སློང་ཁག་གཅིག་དང་། ཨ་རིའི་གཞུང་ཚབ་མི་སྣ་བཅས་ལ་མཇལ་ཁ་དང་བླང་དོར་བཀའ་སློབ་སྩལ། ཕྱི་ཚེས་ ༢༠ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་ཀུན་ཕན་བདེ་རྩ་ཚོགས་པ་བཙུགས་ནས་ལོ་དགུ་ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་ལྡི་ལིའི་ནང་ཡོད་རྒྱ་གར་སློབ་གྲྭ་འདྲ་མིན་ཁག་ ༡༨ དང་། དེ་བཞིན་ཤྲི་ན་གར་ Srinagar དང་ཇམ་མུ་ཀ་ཤི་མིར། Jammu & Kashmir སེ་ལ་ཀུ་ Selakui བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་བཅས་ཁྱོན་སློབ་ཕྲུག་གྲངས་ ༡༥༠ དང་སློབ་སྟོན་པ་ ༢༠ དང་དགེ་རྒན་གྲངས་ ༥༠ ཡོད་པ་རྣམས་ལ་བཀའ་སློབ་སྩལ། དེ་ཉིན་ཕྱེད་ཡོལ་དད་ལྡན་ཆོས་ཞུ་བ་གྲངས་ ༣༤༠ ལྷག་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་སྩལ། ཕྱི་ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་ལས་སྣེ་འདྲ་མིན་ཐོག་རྒྱ་གར་གྱི་ཆེད་ལས་པའི་མི་སྣ་རྣམས་ལ་བཀའ་སློབ་སྩལ། དེ་ཉིན་མགྲོན་ཁང་གི་སྦྱིན་བདག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་བརྟེན་འབྲེལ་མཚོན་ཆེད་མངར་ཟས་ birthday cakes འབུལ་ལམ་ཞུས་ནས་ཚོགས་བཅར་བ་ཚང་མས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་མགྲིན་དབྱངས་གཅིག་ཏུ་གྱེར། ཉིན་དགུང་ལྗགས་སྨིན་གྲུབ་མཚམས་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་འཕྲོ་སྐྱོང་མཛད། ཕྱི་ཚེས་ ༢༢ ཉིན་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་དི་ཀེ་ཇི་རི་ཝལ་ Mr. Arvind Kejriwal མཆོག་དང་བློན་ཆེན་གཞོན་པ་སྐུ་ཞབས་མ་ནི་ཤི་སི་སོ་ཌི་ཡ་ Mr. Manish Sisodia མཆོག་ལ་མཇལ་ཁ་སྩལ།
ཕྱི་ཚེས་ ༢༣ ཉིན་ཨེ་ཤི་ཡའི་ནང་མང་གཙོའི་ལམ་སྲོལ་སྲ་བརྟན་ཡོང་ཐབས། ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་གཉིས་རིང་གི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ། ཕྱི་ཚེས་ ༢༤ དང་ ༢༥ བཅས་ཉིན་གྲངས་གཉིས་རིང་ལྡི་ལིའི་གཙུག་ལག་སློབ་ཁང་དུ་ཚན་རིག་དང་། བཟང་སྤྱོད། ཤེས་ཡོན་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་དགེ་ལས་སློབ་ཕྲུག་རྣམས་ལ་དེང་སྐབས་ཕྱི་དངོས་པོའི་འཛུགས་བསྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་གཙོ་བོར་དམིགས་ནས་ཤེས་ཡོན་སྤྲོད་རྒྱུའི་ལམ་སྲོལ་ནང་དུ་ནང་ཤེས་བརྒྱུད་དང་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་དགོས་གལ་ཆེ་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས། རྡ་སའི་མི་མང་སོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ཏེ་ཕེབས་བསུ་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་སྤྱི་འཐུས་རྣམ་པ་དང་བཀའ་བློན་རྣམ་པ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག