༢༠༡༥ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༦ ནས ༢༨ བར་ཉིན་བཅུ་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་དབུ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མ་མང་སྤྱི་འཐུས་རྣམ་པ། ཟུར་ཉན་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ཚོགས་གཙོའི་དབུ་འབྱེད་གཏམ་བཤད་འདི་གནད་དོན་མང་པོ་ཞུ་རྒྱུ་མེད། གང་ལ་ཞེ་ན། ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་ཉེ་ཆར་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་ཞུས་ཟིན་པ་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་བཞིན་ཡོད་པ་དང་།
དེའི་སྐབས་སུ་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེས་གྲོས་ཚོགས་ནང་དོན་ཚན་དྲུག་གཙོ་བོ་བྱས་པའི་གནད་དོན་གསུང་ཡོད། དེའི་ནང་ནས་གཙོ་བོ་བོད་ཀྱི་དགོན་སྡེ་ཁག་གི་ནང་དགེ་འདུན་པ་མང་ཙམ་གཏོང་དགོས་པ་དང་། གཞུང་ངོས་ནས་དམ་བསྒྲགས་ཤུགས་ཆེ་དྲགས་ཀྱི་ཡོད་པའི་གནས་སྟངས་དེ་དག་གསུང་ཡོད། བཟང་ངན་གྱི་གནས་སྟངས་ཞུ་ཐུབ་ཀྱི་མ་རེད་དེ་ཞུ་ས་ཡོད་པ་དེ་ཡག་པོ་རེད་བསམ་གྱི་ཡོད། མ་འོངས་པར་དེའི་རྐྱེན་གྱི་འགྱུར་བ་གང་འདྲ་འགྲོ་གི་ཡོད་མེད་རིམ་པས་བལྟ་རྒྱུ་རེད། དེ་བཞིན་ཀྲུ་ཝེན་ཆེན་གྱིས་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ཐོག་ནས་གནད་དོན་ཁག་གཅིག་བཤད་ཡོད། རྒྱལ་བ་རིན་པོ་ཆེར་ཟུར་ཟ་ཐོག་ནས་པདྨ་འཕྲིན་ལས་ཀྱིས་བཤད་པ་དེ་འདྲ་བྱུང་ཡོད། དེ་དག་ཚང་མ་བརྒྱུད་ལམ་ཁག་གི་ནང་ནས་ཧ་གོ་ཡོང་གི་ཡོད་པར་བརྟེན་ངས་ཞིབ་ཕྲ་བརྗོད་མི་དགོས་པ་ཡིན།
དེ་རིང་ང་ཚོ་གྲོས་ཚོགས་འདི་གཙོ་བོ་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་ཀྱི་ཡོད། དེར་བརྟེན་དུས་ཚོད་མང་བ་སྔོན་རྩིས་ཐོག་གཏོང་དགོས་པ་ཆགས་ཀྱི་རེད། སྟབས་མ་ལེགས་པ་ཞིག་ལ་ཕྱི་ལོ་ ༢༠༠༨ ནས་བཟུང་གྲོས་ཚོགས་ག་དུས་འགོ་བཙུགས་པ་ཡིན་ནའང་མྱ་ངན་གུས་འདུད་རྗེས་དྲན་གྱི་གྲོས་འཆར་ཐོག་ནས་འགོ་འཛུགས་དགོས་པའི་གནས་སྟངས་ཤིག་ད་ལྟ་ཡིན་ནའང་མུ་མཐུད་གནས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང། དེ་ནས་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཅས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་ནས་མུ་མཐུད་བོད་ནང་ཛ་དྲག་གནས་སྟངས་ཐོག་བགྲོས་གླེང་དང་། རྩིས་ལོ་ ༢༠༡༥།༡༦ ལོའི་སྔོན་རྩིས་ཐོག་གྲོས་ཚོགས་ཚོགས་ཡོད།།