༢༠༡༥ ཟླ་ ༣ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །འདི་གར་ལྡི་ལི་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ལྡི་ལིར་གནས་སྡོད་བོད་རིགས་སེར་སྐྱ་མི་མང་རྣམས་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་མདུན་ཐང་དུ་འདུ་འཛོམས་ཐོག་བོད་ཁྱིམ་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་གསུམ་བཅུའི་དྲན་གླུ་བཏང་། དེ་ནས་བོད་དང་བོད་མིའི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལབཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་བསྟུན། ལྡི་ལི་ས་གནས་འགོ་འཛིན་གྱིས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་ཕྱོགས་བཞུགས་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་རྗེས། ལྡི་ལི་དོན་གཅོད་ཀྱི་སྐུ་ཚབ་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་ཆུ་ཚོད་ ༡༠།༣༠ ཐོག་མི་མང་རྣམས་ས་གནས་རང་བདེན་ཚོགས་ཆུང་གི་སྣེ་ཁྲིད་ཐོག་རམ་ལི་ལ་ནས་ཇན་ཏར་མན་ཏར་བར་བྱང་ཆུབ་སེམས་མཆོག་གསུང་མུར་ཞི་བའི་གོམ་འགྲོས་གནང་། སྐབས་དེར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་དུས་དྲན་གྱི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་གིས་བཀའ་ཤག་གི་ཨིན་ཡིག་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་།
དེ་བཞིན་སྐབས་དེར་གཱན་དྷི་ཞི་བདེ་ཐེབས་རྩ་ (Gandhi Peace Foundation) ཚོགས་པའི་ཚོགས་གཙོ་སུ་རེན་ཌར་ཀུ་མཱར་ (Surendar Kumar) ལགས་ཀྱིས་བོད་དོན་ཐོག་ལོ་མང་ནས་རྒྱབ་སྐྱོར་ཞུ་བཞིན་པ་མ་ཟད། བོད་ཀྱི་བདེན་མཐའ་མ་གསལ་བར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་པན་ཀ་ཇི་གོ་ཡལ་(Pankaj Goyal) ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེ་དང་བོད་དོན་ཐོག་རྒྱ་གར་མི་མང་ལ་དྲིལ་བསྒྲགས། དེ་བཞིན་རྒྱབ་སྐྱོར་གང་ཡོང་ཞུ་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་འདུག གཞན་ཡང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་ཤན་ཏ་ཀུ་མཱར་(Shanta Kumar) མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་གུས་བརྩི་ཞུ་བཞིན་ཡོད་སྐོར་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་དང་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ཁྲིམས་རྩོད་པ་ཇེ་པི་ཤར་མ་(J P Sharma) ལགས་ཀྱིས་ཀྱང་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་ཡོད་འདུག གཞན་ཡང་རང་བདེན་ཚོགས་ཆུང་ནས་གཞུང་ཚབ་ཁག་དང་། བློན་ཆེན་ཁག གསར་འགྱུར་བརྒྱུད་ལམ་ཁག་ལ་བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་འགྲེམས་སྤེལ་ཞུས་འདུག་པ་བཅས།།