༢༠༡༥ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༥ བོད་རབ་གནས་ཤིང་ལུག་ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་སྟེ། ཆོ་འཕྲུལ་དུས་ཆེན་ཉིན་གྱི་མཚན་མོར་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་པའི་བུད་མེད་ནོར་ཕྱུག་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཅན་གྱི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག ནོར་ཕྱུག་ལགས་ནི་དྷི་ཕུ་དགོན་གྱི་ལྷ་སྡེ་མ་ཎི་སྐྱབས་ཚང་གི་ཕ་ཚེ་བདག་དང་། མ་འོད་སྒྲོན་གཉིས་ཀྱི་བུ་མོ་ཡིན་པ་དང་། རང་ལོ་ ༤༧ ལ་སོན་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་དཔའ་རྩལ་ཟེར་བ་དང་། ཁོང་གཉིས་ལ་བུ་ཕུན་ཚོགས་དང་། བུ་མོ་མངྒ་། བུ་མོ་ཚེ་འཛིན་སྐྱིད་བཅས་བུ་ཕྲུག་གསུམ་ཡོད་འདུག་ཅིང་། ཁོ་མོས་ལོ་ཤས་སྔོན་ནས་༸གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་དམིགས་ནས་དམར་ཟས་རྩ་སྤངས་བྱས་ཡོད་འདུག
ཁོང་གིས་རང་ལུས་མེར་བསྲེགས་གཏོང་སྐབས་མཚན་མོ་ཡིན་རྐྱེན་སྐུ་ཕུང་རྒྱ་ཡི་ལག་ཏུ་ཤོར་མེད་ཀྱང་རྒྱ་གཞུང་གིས་བཙན་འཕྲོག་བྱེད་པར་དོགས་ནས་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཕ་ཡུལ་གཅིག་པའི་མི་མང་གིས་འཕྲལ་དུ་ཞུགས་འབུལ་ཞུས་ཡོད་འདུག ད་ཆ་ས་གནས་སུ་ཉེན་རྟོག་པས་དམ་དྲག་ཤུགས་ཆེར་བྱས་པར་བརྟེན་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་ཐུབ་པའི་གནས་སུ་ལྷུང་ཡོད་འདུག
རྒྱལ་གཅེས་དཔའ་མོ་ནོར་ཕྱུག་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་ནི། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བའི་བོད་མི་ ༡༣༦ པ་དང་། དེའི་ཁྲོད་འདས་གྲོངས་སུ་ཕྱིན་པ་ ༡༡༧ པ། རྔ་པ་རྫོང་ཁོང་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༣༧ པ་དང་། རྔ་པ་རྫོང་ཁོངས་ནས་བུད་མེད་རང་ལུས་མེར་བསྲེགས་གནང་མཁན་ ༥ པ། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ཐོག་མ་དེ་བཅས་ཆགས་ཀྱི་ཡོད་པ་རེད།
གཞན་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༨ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོས་ལྕིབས་ཏེ་མགོ་ཐོག་ལ་འཕྱར་ནས་“རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།” ཞེས་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་བགྲོད་གནང་སྟེ་ཅུང་མ་འགོར་བར་ཉེན་རྟོག་པ་འབྱོར་སྟེ་ཁོང་བཙན་ཁྲིད་བྱས་པ་དང་། ཉེ་ཆར་བོད་ཀྱི་ས་ཁུལ་གང་ས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་གྱ་སྟོན་བརྩི་སྲུང་བྱས་པ། ཆོ་འཕྲུལ་དུས་ཆེན་ཉིན་བོད་བསྟན་སྲིད་མི་རིགས་ཆེད་གསོལ་བ་སྨོན་ལམ་བཏབ་པ་སོགས་གཞིས་བཞུགས་བོད་མི་རྣམས་ཀྱི་ཆོད་སེམས་དང་སྙིང་སྟོབས་ལ་ནམ་ཡང་འགྱུར་བ་མེད་པར་འཚེ་མེད་ཞི་བའི་ལས་འགུལ་རྒྱུན་མ་ཆད་པ་སྤེལ་བཞིན་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རྒྱུན་མ་ཆད་པ་སྤེལ་ཏེ་རྒྱ་གཞུང་ལ་དམིགས་བསལ་རེ་འདུན་རིམ་པ་བཞིན་བཏོན་ཡོད་པ་རྣམས་ད་བར་ལག་བསྟར་གང་ཡང་བྱས་མེད་པར་བརྟེན། དེ་སྔོན་དགོས་འདུན་བཏོན་ཟིན་པ་རྣམས་སླར་ཡང་དྲན་སྐུལ་དང་འབྲེལ། ད་ལན་རྒྱལ་གཅེས་དཔའ་མོ་ནོར་ཕྱུག་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་འདི་ནི་ད་སྐབས་རྒྱ་ནག་ཏུ་ཚོགས་ཆེན་གཉིས་ཚོགས་བཞིན་པའི་སྐབས་དང་འཁེལ་ཡོད་པར་བརྟེན། རྒྱ་གཞུང་ནས་གནད་དོན་འདིར་དོ་སྣང་གིས་ད་བར་རྒྱ་གཞུང་གིས་དྲག་གནོན་དང་། སླུ་བྲིད། སྡིགས་གཏམ་སོགས་གང་ལའང་མ་འཛེམས་པར་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་མཚམས་མ་ཆད་པ་གནང་དགོས་པའི་རྒྱུ་རྐྱེན་ཇི་ཡིན་དང་། ཞི་རྒོལ་གནང་མཁན་རྣམས་ཀྱི་ཞལ་ཆེམས་ལ་བདག་སྤྲོད་སོགས་བྱས་ཏེ་ད་ནས་བཟུང་རང་ལུས་མེར་བསྲེགས་གནང་མི་དགོས་པའི་སྲིས་བྱུས་ཤིག་འཛིན་རན་པའི་དུས་ལ་བབ་པ་ནན་སྐུལ་བྱེད་ཀྱི་ཡོད།
གཞན་ཡང་ད་བར་བོད་མི་རྣམས་ཀྱིས་ཞི་རྒོལ་གང་གནང་ལ་རྒྱ་གཞུང་ནས་དྲག་གནོན་བྱེད་རྐྱང་དང་། གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་སླེབས་ལ་ཉེ་བའི་སྐབས་འདིར་བོད་ས་ཡོངས་སུ་དྲག་དམག་སྔར་ལས་མང་བ་འགྲེམས་འཇོག་བྱས་པ་དེ་དག་ནི་མེས་རྒྱལ་ཁྱིམ་ཚང་ཆེན་མོ་ཞེས་པ་དེ་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཏུ་བསྐྲུན་འདོད་རྩ་བ་མེད་པའི་རྣམ་པ་ཞིག་ཏུ་མངོན་ཅིང་། དྲག་གནོན་དང་སུན་གཙེར་གྱི་རྣམ་པ་དེ་འདྲ་བཟོད་མ་ནུས་པར་ཞི་རྒོལ་སོགས་ཀྱི་ལས་འགུལ་རིམ་པ་སྤེལ་དགོས་ཐུག་གི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་རྐྱེན་རྩ་དེ་དག་ངོས་ཟིན་པའི་ཐོག་ནས་དོན་དམ་པའི་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི་འབོད་སྐུལ་དང་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༩ ལ།།