ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༦ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་ཆབས་གཅིག་མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་ཁག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་མན་ཌི་ས་གནས་འགོ་འཛིན་ལས་ཁུངས་ནས་གོ་སྒྲིག་གཙོ་སྐྱོང་འོག་མན་ཌི་འཕགས་བོད་མཛའ་འབྲེལ་ཚོགས་པ་དང་ལྷན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢ ནས་ ༤ བར་ (Seri Munch) སྡིངས་ཆའི་སྟེང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པའི་ལས་བྱེད་ནས་འཕགས་བོད་འབྲེལ་ལམ་སྐོར་དང་། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་སྐོར་འགྲེམས་སྟོན་རྒྱ་གང་ཆེ་གནང་ཐུབ་པ་བྱུང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་ར་མན་ཀུ་མར་ Mr. Raman Kumar Meena (IPS) ASP (Assistant Supretentent of Police Mandi) མཆོག་དང་། འཕགས་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་སུ་ཤི་ལ་ Mrs. Sushila Songla (President, Municipal Council Mandi) མཆོག ཚོགས་གཞོན་ཝི་ཤལ་ Mr. Vishal Takur (Advocate) མཆོག དྲུང་ཆེ་ཌེ་རེ་ཤི་ཀུ་མར་ Mr. Denesh Kumar (ITI) ལགས་དང་། ཚོགས་མི་ཌེཤ་རཇ་ Mr. Desh Raj (AAP) ལགས། དེ་བཞིན་ས་གནས་འགོ་འཛིན་བསྟན་འཛིན་ལེགས་བཤད་ལགས། ས་འཐུས་ཚོགས་གཞོན་ངག་དབང་དོན་གྲུབ་ལགས། ས་གནས་བཞིའི་ས་འཐུས་སྐུ་ཚབ་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི། དགོན་སྡེ་ཁག་གི་སྐུ་ཚབ། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་དང་མན་ཌི་མི་མང་རྣམས་ཚང་འཛོམས་ཐོག་ཕྱེ་མར་ཆང་ཕུད་ཕུལ་ཏེ་འགྲེམས་སྟོན་དབུ་འབྱེད་གནང་། དེ་རྗེས་སྐུ་མགྲོན་རྣམ་པ་དང་མི་མང་ཡོངས་ལ་གསོལ་ཇ་འབྲས་སིལ་ཕུལ། སྐུ་མགྲོན་གཙོ་བོ་མཆོག་ལ་༸གོང་ས་མཆོག་ཀྱི་སྐུ་པར་མཐོལ་གྲོལ་རིན་པོ་ཆེ་ལེགས་སྐྱེས་སུ་ཕུལ་བ་དང་འགྲེམས་སྟོན་ཁག་ངོ་སྤྲོད་ཡང་ཞུས་ཡོད། དེ་ཉིན་རྒྱ་གར་གསར་འགྱུར་བཀོད་མཁན་མང་པོ་ཞིག་ཀྱང་ཕེབས་འདུག་པ་མ་ཟད་གསར་ཤོག་ཁག་གི་ནང་བོད་ཀྱི་གནད་དོན་ཐོག་དྲིལ་བསྒྲགས་རྒྱ་གང་ཆེ་བྱུང་འདུག དེ་བཞིན་ཉིན་དེར་མན་ཌི་ཁུལ་གྱི་ཡུལ་མི་མང་པོ་ཞིག་ལ་འགྲེམས་སྟོན་ཁག་སྟོན་ཐུབ་པ་བྱུང་ཡོད།
ཕྱི་ཚེས་ ༣ ཉིན་གྱི་ཆུ་ཚོད་ ༡༢ ཙམ་ལ་སྦིར་རྙིང་མ་དགོན་གྱི་བླ་ཆེན་སྤྲུལ་སྐུ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་ཡོངས་བསྒྲགས་དུ་རིི་མགོ་སྤྲུལ་སྐུ་རིན་པོ་ཆེ་ཞུ་བ་ཁོང་མན་ཌི་རྫོང་དུ་ཕེབས་སྐབས་ས་གནས་འགོ་འཛིན་གྱིས་རིན་པོ་ཆེ་མཆོག་འགྲེམས་སྟོན་ཁང་དུ་གདན་འདྲེན་ཞུས་རྗེས་འགྲེམས་སྟོན་ཁག་ངོ་སྤྲོད་དང་སྣེ་ལེན་འཐུས་གཙང་ཞུས་ཐུབ་པ་བྱུང་ཡོད།
ཕྱི་ཚེས་ ༤ ཉིན་གྱི་ཆུ་ཚོད་ ༡༢།༣༠ ཙམ་ལ་སྐུ་མགྲོན་པི་ཨེལ་ཊ་ཀུར་ PL Takur (IPS) (IGP, Inspector General of Police Mandi)མཆོག་གདན་འདྲེན་ཞུས་པ་བཞིན་འགྲེམས་སྟོན་ཁང་དུ་ཕེབས་ནས་ཁོང་ལ་འགྲེམས་སྟོན་ཁག་ངོ་སྤྲོད་དང་དེ་རྗེས་སྐུ་མགྲོན་མཆོག་ལ་མན་ཌི་འཕགས་བོད་མཛའ་ཚོགས་ཀྱི་ཚོགས་མི་དང་། ལྡི་ལི་འཕགས་བོད་མཛའ་ཚོགས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ལྷན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ཞིག་ལེགས་སྐྱེས་སུ་ཕུལ་ཡོད།
དེ་རྗེས་ཆུ་ཚོད་ ༣ པ་ཙམ་ལ་སྐུ་མགྲོན་གཙོ་བོ་མན་ཌི་རྗོང་གི་དཔོན་རིགས་གོ་པལ་ Shri Gopal Chand (ADC, Additional District Commissioner) མཆོག་འགྲེམས་སྟོན་ཁང་དུགདན་ཞུས་ཀྱིས་ཁོང་ལ་འགྲེམས་སྟོན་ཁག་ངོ་སྤྲོད་ཞུས་རྗེས་མཇུག་བསྡོམས་ཞུས། ཁོང་ལ་ཐུགས་རྗེས་ཆེ་ཞུ་ཆེད་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ཞིག་ལེགས་སྐྱེས་སུ་ཕུལ་ཡོད། ས་གནས་འདི་དག་ཏུ་ད་བར་འགྲེམས་སྟོན་དེ་ལྟ་བུ་བྱུང་མེད་ལ་སླད་ས་གནས་ཀྱི་འཕགས་བོད་མཛའ་ཚོགས་ཀྱི་ཚོགས་མི་རྣམ་པ་དང་མི་མང་རྣམས་ནས་འགྲེམས་སྟོན་དེ་ལྟ་བུ་ས་གནས་སུ་ཡང་ནས་ཡང་དུ་འགྲེམས་སྟོན་གནང་ཐུབ་ཚེ་བོད་དོན་ཐོག་དྲིལ་བསྒྲགས་ཤུགས་ཆེ་ཡོང་བཞིན་འདུག་པའི་བསམ་ཚུལ་སྟོན་ཡོད།།