༢༠༡༥ ཟླ་ ༣ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༣ ཉིན་ རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱལ་ཡོངས་མངའ་སྡེའི་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་མཚམས་གཟིགས་ཐོག་མ་དེ་གནང་སྐབས་ཁོང་གིས་བོད་མི་རྣམས་ཀྱི་བདེ་སྡུག་ཆེད་མུ་མཐུད་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། ཉེ་ཆར་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་གཏན་འབེབས་གནང་བ་དེ་ནི་རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ཀྱི་ཁེ་ཕན་ལ་དམིགས་ཏེ་ལས་དོན་གནང་འགོ་བཙུགས་པ་ཞིག་ཡིན་སྐོར་གསུངས་འདུག
སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་མཚམས་གཟིགས་སྐབས་ཁོང་དང་ལྷན་དུ་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་སྐུ་ཞབས་ཀ་ཀ་པ་ཐག་ Shri, K.K Pathak མཆོག བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་རྫོང་དཔོན་ལྕམ་སི་ཤི་ཁ་ Ms. C. Shikha ལགས། ཉེན་རྟོག་སྤྱི་ཁྱབ་འགོ་དཔོན་སྐུ་ཞབས་ཨ་བྷི་ནབ་ཁ་རེ་ Mr. Abhinav Khare ལགས་བཅས་ཀྱང་ལྷན་བཅར་ཞུས་འདུག དེ་ཡང་དབུ་ཁྲིད་རྣམ་པ་བྷེལ་ཀོབ་བོད་མིའི་གཞིས་སྒར་དུ་ཕེབས་འབྱོར་སྐབས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་འགོ་དང་། སྤྱི་མཐུན་མཉམ་འབྲེལ་ཁག་ལྔའི་སྐུ་ཚབ་འཐུས་མི་བཅས་ཐུན་མོང་གིས་རྒྱ་གར་ནང་སྲིད་བཀའ་བློན་གཞོན་པ་མཆོག་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས། ཐེངས་འདིར་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ Tibetan Rehabilitation Policy – 2014. ཞེས་པ་གཏན་འབེབས་གནང་ཐུབ་པར་ལེགས་གསོའི་བསྔགས་བརྗོད་དང་སྦྲགས། བཀའ་དྲིན་ཆེ་ཞུས་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཆད་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བ་མ་ཟད། བཙན་བྱོལ་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་སོགས་བདེ་དོན་ལ་དབུས་དང་མངའ་སྡེ་གཉིས་ནས་གཟིགས་པ་ཧ་ཅང་ཆེན་པོ་གནང་དང་གནང་མུས་ལ་གུས་བཀུར་ཆེན་པོས་ཆེ་བསྟོད་དང་ཐུགས་རྗེ་ཆེ་ཞུས་འདུག གཞན་ཡང་མཛད་སྒོའི་ཐོག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མིའི་བདེ་དོན་ཆེད་དཀའ་ངལ་ལ་གདོང་ལེན་གྱིས་འབད་བརྩོན་ཧ་ཅང་གནང་བ་དང་།
ལྷག་པར་ཐེངས་འདིར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ Tibetan Rehabilitation Policy – 2014. ཞེས་པ་འདི་གཏན་འབེབས་གནང་ཆེད་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་དབུས་གཞུང་དང་ས་གནས་གཞུང་གི་འབྲེལ་ཡོད་མི་སྣ་སོགས་དང་འབྲེལ་བ་ཧ་ཅང་གནང་ནས་ལྷམ་ལྷོང་བྱུང་བའི་བྱས་རྗེས་ལ་ངོས་འཛིན་གྱིས་བསྔགས་བརྗོད་དང་སྦྲགས་ཆེ་བསྟོད་ཞུས་འདུག གཞན་ཡང་མེ་སོར་རྫོང་གི་ཉེན་རྟོག་པ་ཁོང་ལའང་ཆེས་བསྟོད་ཞུས་འདུག མཛད་སྒོའི་ཐོག་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་མཆོག་གིས་གསུང་དོན། རྒྱ་གར་དབུས་དང་ཀར་ན་ཊ་ཀ་མངའ་སྡེས་ཁུལ་འདིར་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་རྣམས་ང་ཚོའི་སྐུ་མགྲོན་ཡིན་སྟབས། ཁོང་རྣམས་ལ་རང་ནུས་གང་ཡོད་ཀྱིས་མཐུན་འགྱུར་རོགས་རམ་ཞུ་རྒྱུ་འདི་ངའི་ལས་འགན་ཞིག་ཡིན་བསམ་པ་དྲན་བཞིན་ཡོད། དེར་བརྟེན་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་ནང་ཞི་བདེའི་ངང་འཚོ་གནས་ཡོང་ཐབས་ཆེད་ང་ཚོས་ཟ་འབྲུ་དང་དེ་བཞིན་གཞུང་གི་མང་ཚོགས་རྣམས་ཀྱི་བདེ་དོན་ཆེད་གཏན་འབེབས་གནང་བའི་ཐོབ་ཐང་དེ་དག་རྒྱ་གར་ཡུལ་མི་སྤྱི་འདྲ་སྤྱི་མཚུངས་ཐོག་ནས་སྤྲོད་རྒྱུ་ཡིན། ཁྱེད་ཚོས་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྩལ་གནང་མཛད་པའི་ལམ་སྟོན་བཀའ་སློབ་དེ་དག་སྙིང་བཅང་ཐོག་ནས་ལག་བསྟར་གནང་གལ་ཆེ། དེ་ལྟར་གནང་བ་ཡིན་ན་བོད་མི་ཙམ་མ་ཟད། འགྲོ་བ་མི་རིགས་ཀུན་ལ་དགེ་མཚན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་རིག་པའི་འབྱུང་གནས་ཤིག་ཡིན་པ་མ་ཟད། འཛམ་གླིང་མང་ཚོགས་རྣམས་ཀྱིས་དགའ་མོས་ཆེ་ཤོས་ཞུ་ཡུལ་གྱི་གང་ཟག་གཅིག་ཆགས་ཡོད། ཅེས་གསུངས།
དེ་བཞིན་ལྷོ་སྤྱི་ཀརྨ་སེང་གེ་མཆོག་ནས་ཀྱང་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་ཁོང་ནི་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ལྷག་པར་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་ཞིག་ཡིན་སྐོར་གསལ་བཤད་གནང་བ་མ་ཟད། ཐེངས་འདིར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་འདི་གཏན་འབེབས་ཡོང་ཆེད་མཐུན་འགྱུར་འབད་བརྩོན་ཧ་ཅང་གནང་ཡོད་སྐོར་གསུངས། དེ་བཞིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་སྐབས་དེར་རྒྱ་གར་དབུས་དང་ས་གནས་ཀྱི་མཛད་གཙོ་རྣམས་ལ་ཕེབས་བསུ་ཞུས་པ་དང་སྦྲགས། འདས་པའི་མི་ལོ་ ༥༦ རིང་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་རྒྱ་ཆེ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་འདུག དེ་བཞིན་རྒྱ་རི་སྒྲོལ་མ་མཆོག་གིས་སྐབས་དེར་རྒྱ་གར་དབུས་དང་མངའ་སྡེའི་གཞུང་། དེ་བཞིན་མེ་སོར་རྫོང་དཔོན་སོགས་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་རྒྱུའི་ཞལ་བཞེས་གནང་བར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུས་འདུག དེ་ཡང་ཐེངས་འདིར་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་མཆོག་མེ་སོར་གནམ་ཐང་དུ་འཕེབས་འབྱོར་སྐབས་ལྷོ་སྤྱི་ཀརྨ་སེང་གེ་ལགས་དང་འབྲེལ་ཡོད་སྐུ་ཚབ་འཐུས་མི་རྣམས་ཀྱིས་སྣེ་ལེན་གྱི་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་རྗེས་བྷེལ་ཀོབ་ཏུ་ཕེབས་སྐབས་ལམ་དུ་ཧུན་སུར་དང་ཅ་ཀུར་བོད་མིའི་གཞིས་ཆགས་ཀྱི་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་རྗེས་བྷེལ་ཀོབ་གཞིས་ཆགས་སུ་འཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་དགོན་སྡེ་ཁག་གི་སྐུ་ཚབ་ཕྱག་མཛོད་རྣམས་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས། དེ་བཞིན་ས་གནས་གཞོན་ནུ་དང་བུད་མེད་ཀྱི་སྐུ་ཚབ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་སེ་ར་བླ་སྤྱིས་སྐུ་མགྲོན་རྣམས་ལ་གསོལ་ཚིགས་ཕུལ། སྐུ་མགྲོན་རྣམས་སེ་ར་བྱེས་སྨད་གཉིས་དང་། རྣམ་གྲོལ་གླིང་དགོན་པ་སོགས་སུ་གནས་གཟིགས་གནང་རྗེས། བོད་མིའི་སྐྱེ་ལྡན་སོ་ནམ་འདེབས་ལས་ལ་གཟིགས་སྐོར་གནང་སྐབས་གསོལ་རྒྱུན་འདེབས་ལས་ལ་བསྔགས་བརྗོད་གནང་འདུག