༢༠༡༥ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༨ ཉིན་རཱཇ་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དུས་སྟོན་སྲུང་བརྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་དབུས་བདག་ཡུམ་ཆེན་མོ་དང་། དམིགས་གསལ་སྐུ་མགྲོན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྡེ་ར་ལྡུན་ས་གནས་འགོ་འཛིན་གྱིས་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། བཀའ་ཟུར་དང་སྤྱི་ཟུར་རྣམ་པ། མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་གནང་ཡོད་འདུག མཛད་སྒོའི་ཐོག་མར་དམིགས་གསལ་སྐུ་མགྲོན་ནང་སྲིད་བཀའ་བློན་མཆོག་གིས་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ལ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། སྐུ་མགྲོན་རྣམ་པ་དང་ཚོགས་མི་ཡོངས་སྐུ་བཞེེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་སྟེ་མཛད་སྒོ་དབུ་འཛུགས་གནང་།
དེ་ནས་མཉམ་ལས་བཟོ་འགོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཕྱི་ལོ་ ༡༩༦༥ ལོ་ནས་བཟུང་ད་བར་གྱི་བྱུང་རིམ་རྣམས་ངོ་སྤྲོད་ཞུས་ཡོད་པ་མ་ཟད། བཟོ་གྲྭ་འདི་བཙུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་མི་སྐྱབས་བཅོལ་བ་དམིགས་གསལ་བུད་མེད་རྣམས་རང་འཚོ་ཐུབ་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་བདག་ཉར་བྱེད་རྒྱུ། བོད་ཀྱི་ཐུན་མོང་མ་ཡིན་པའི་ལག་ཤེས་རིག་གཞུང་ཉམ་པ་སོར་ཆུད་དང་མི་མཉམ་གོང་འཕེལ་གཏོང་རྒྱུའི་ཆེད་བཙུགས་པ་ཞིག་ཡིན་སྐོར་སོགས་ཀྱི་ངོ་སྤྲོད་གནང་ཡོད་འདུག དམིགས་བསམ་སྐུ་མགྲོན་ནང་སྲིད་བཀའ་བློན་མཆོག་གིས་འདས་ཟིན་པའི་ལོ་ངོ་ལྔ་བཅུ་དེར་ཕྱིར་བལྟས་ཤིག་
བྱས་ཚེ་མི་རབས་རྒན་པ་རྣམས་ལ་བཀའ་དྲིན་རྗེ་དྲན་ཞུ་རྒྱུ་དང་མ་འོངས་པར་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། དེ་རིང་ལོ་ངོ་ ༥༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་དེ་བཞིན་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་དང་སྟབས་བསྟུན་འོས་པ་ཞིག་དང་འཚམ་པ་ཞིག་བྱུང་ཡོད་ལུགས་དང་།
ཕྱི་ལོ་ ༡༩༦༦ ལོ་ནས་བོད་གཞུང་གི་བསྐོ་འཛུགས་གནང་བ་བཟུང་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཕེབས་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་འདུག དེ་ནས་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཆོས་དང་འཇིག་རྟེན་གང་གི་ཆ་ནས་བཤད་ནའང་བླ་མའི་བཀའ་བཞིན་སྒྲུབ་པ་ལས་ལྷག་པ་གང་ཡང་མེད་སྐོར་དང་། དེ་བཞིན་ཡུལ་མི་དང་མཐུན་ལམ་བྱེད་རྒྱུ་དང་བོད་མི་བཟང་པོ་ཞིག་བྱེད་རྒྱུ་དེ་༸གོང་ས་མཆོག་གི་བཀའ་སློབ་ཀྱི་སྙིང་པོ་ཡིན་སྟབས། མགོན་པོ་གང་ཉིད་མཆོག་གིས་སྩལ་བའི་བཀའ་སློབ་དེ་དག་སེམས་ཁོང་རུས་པའི་སྟེང་དུ་ཉར་ནས་བཀའ་དགོངས་དང་མཐུན་པ་ཞིག་དགོས་ཀྱི་རེད་ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་མཉམ་ལས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་འདུན་རིན་ཆེན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རཱཇ་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭ་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་ལ་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་།
དེ་བཞིན་མཛད་སྒོའི་སྐབས་རཱཇ་སྤུར་བོད་ཁྱིམ་སློབ་ཕྲུག་ནས་རྟེན་འབྲེལ་མཚོན་བྱེད་བོད་གཞས་ཆོལ་གསུམ་གཞས་སྣ་འཁྲབ་སྟོན་གནང་། སྐུ་མགྲོན་གཙོ་བོས་གསར་དུ་ཐོན་བསྐྱེད་བྱས་པའི་ཟིམ་སྤོས་ཞལ་ཕྱེ་དང་ཐུགས་སྨོན་གནང་། གཞན་ཡང་ཞབས་ལོ་ ༥༠ འཁོར་བའི་ལས་ཞབས་དང་ཚོགས་མི་བཞི་ལ་གཟེངས་རྟགས་གནང་ཡོད་འདུག
མཛད་སྒོའི་མཐའ་མར་བཟོ་འགོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད། སྤྱིར་ད་ལྟའི་ཆར་མཉམ་ལས་བཟོ་གྲྭ་འདིའི་ནང་ལས་མི་གྲངས་ ༧༦ དང་མི་ཚང་ ༨༦ བཅས་ཁྱོན་མི་འབོར་བཞི་བརྒྱ་ཙམ་གནས་སྡོད་བྱེད་བཞིན་ཡོད་འདུག
དེ་ཡང་ནང་སྲིད་བཀའ་བློན་མཆོག་རཱཇ་པུར་དུ་མ་ཕེབས་གོང་སྟེ་ཕྱི་ཚེས་ ༧ ཉིན་བཀའ་ཤག་གི་ཚབ་ཞུས་ནས་ལྡི་ལིར་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཝིར་བྷདྲ་སིངྒ་མཆོག་ Himachal Chief Minister Shri. Virbhadra Singh གི་སྲས་མོའི་བག་སྟོན་དུ་ཆེད་ཕེབས་གནང་འདུག སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་ཀོངྒ་རེ་སི་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སོ་ནི་ཡ་གྷན་དི་མཆོག་གི་སྲས་མོ་པྲི་ཡང་ཀ་གྷན་དྷི་ལགས་དང་མཇལ་འཕྲད་གནང་འདུག གཞན་ཡང་སྐབས་དེར་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས་ཀྱང་ལྷན་བཅར་ཞུས་འདུག