༢༠༡༥ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཤེས་རབ་དགའ་ཚལ་སློབ་གླིང་གི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་དབུ་སྣེ་ལེན་ཁང་གི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྲངས་ཐོ་ལས་གཞིའི་ཟབ་སྦྱོང་ཉིན་དྲུག་པའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་བོད་པའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་ཀྱི་ནད་གཞི་འདི་ཛ་དྲག་གི་དཀའ་ངལ་ཞིག་ཡིན་སྐོར་གསུངས་འདུག
དེ་ཡང་ཕྱི་ཚེས་ ༩ ནས་ ༡༥ བར་བདུན་ཕྲག་གཅིག་རིང་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་རྒྱ་གར་དང་བལ་ཡུལ་ནང་གི་དགོན་སྡེ་ཁག་དང་སློབ་གྲྭ དེ་བཞིན་བོད་མིའི་གཞིས་ཆགས་ཁག་སོགས་ནས་སྨན་པ་དང་སྨན་ཞབས་པ་ཁག་གཅིག་ལ་བོད་མིའི་འཕྲོད་བསྟེན་གྲངས་ཐོ་ལས་གཞིའི་ཟབ་སྦྱོང་གནང་ཡོད་པ་ལྟར། ཟབ་སྦྱོང་ཉིན་དྲུག་པའི་ཉིན་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་སྐོར་སློབ་ཁྲིད་གནང་འདུག ཐེངས་འདིའི་ཟབ་ཁྲིད་གནང་མཁན་ཁོངས་སུ་ཅན་དི་སྒར་དང་། ལྡི་ལི། ཀངྒ་ར་བཅས་ནས་རྒྱ་གར་སྨན་པ་ཨེ་སི་ཨ་ནན་ཌི་ (A.C. Anand) ལགས། སྨན་པ་ཨར་ཀེ་ཌི་མན་ (R.K. Dhiman) ལགས། པན་ཀ་ཇི་པུ་རི་ (Pankaj Puri) ལགས། བྷལ་ཌེབ་རཱ་ན་ལགས། (Baldev Rana) ཨེ་ཌི་སུ་ཛ་ལགས། (A Desuja) སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་སོགས་ཡིན་འདུག ཆེད་ལས་སྨན་པ་རྣམས་ཀྱིས་མཆིན་པའི་གཉན་ཚད་ཀྱི་ནད་འབུ་དང་། ནད་རྟགས་ངོས་འཛིན་ཞུ་ཕྱོགས། ནད་འགོས་སྟངས། སྨན་བཅོས་བསྟེན་སྟངས་སོགས་ཀྱི་སྐོར་རང་གི་ཉམས་མྱོང་དང་སྦྲགས་ཏེ་ཟབ་ཁྲིད་གནང་ཡོད། སྐབས་དེར་སྨན་པ་ཨར་ཀེ་ཌི་མན་ལགས་ཀྱིས་ན་ཚ་འདིའི་ཛ་དྲག་སྐོར་དང་འབྲེལ། གལ་ཏེ་སྤྱི་ཚོགས་ནང་ན་ཚ་འདི་མེད་པ་བཟོས་མ་ཐུབ་ཚེ་ནད་འདིའི་རྐྱེན་པས་མང་ཚོགས་ཀྱི་ཚེ་སྲོག་མུ་མཐུད་ཤོར་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་འདུག
སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། འདས་པའི་ལོ་གཅིག་དང་ཕྱེད་ཀའི་ནང་མཆིན་པའི་གཉན་ཚད་ཀྱི་ནད་གཞི་འདི་ཛ་དྲག་གི་དཀའ་ངལ་ཞིག་ལ་ངོས་འཛིན་ཞུས་ཏེ་སྦེལ་ཀོབ་ཏུ་ཞིབ་འཇུག་གནང་ཡོད། ཞིབ་འཇུག་སྐབས་བོད་པའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་ཀྱི་ནད་གཞི་འདི་བརྒྱ་ཆ་ ༩ ཐོན་འདུག འཛམ་གླིང་གི་རྒྱལ་ཁབ་གཞན་དང་བསྡུར་ན་གྲངས་ཀ་མང་གྲས་སུ་ཆགས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཛ་དྲག་རང་བཞིན་ཅན་གྱི་ནད་གཞི་འདིར་གདོང་ལེན་ཆེད། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་གཞུང་འབྲེལ་ཐོག་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་སྲུང་བརྩི་དང་སྦྲགས། ཉིན་དེར་མང་ཚོགས་ཁྲོད་ནད་གཞི་འདིའི་སྐོར་གོ་རྟོགས་ཀྱི་ལས་འགུལ་དང་། ལྷག་པར་མ་དང་བྱིས་པའི་འཕྲོད་བསྟེན་ལས་གཞིའི་ཁོངས་སུ་འབྲུམ་མ་ཡིན་པ་རྣམས་ལ་མཆིན་པའི་གཉན་ཚད་ཀྱི་ནད་གཞི་ཡོད་མེད་རིན་མེད་ཐོག་བརྟག་དཔྱད་གནང་དང་གནང་མུས་ཡིན་པ་མ་ཟད། བྱིས་པ་ལོ་ལྔ་མན་ཆད་ལ་སྔོན་འགོག་གི་སྨན་ཁབ་བརྒྱབ་པ་སོགས་ནད་གཞི་འདིའི་སྐོར་གྱི་འཕྲོད་བསྟེན་གཟིགས་སྐྱོང་གནང་ཕྱོགས་སྐོར་གསུངས་འདུག སྐབས་དེར་བཀའ་བློན་མཆོག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་འདི་ཡོད་མཁན་རྣམས་ལ་ལས་ཀའི་གོ་སྐབས་མ་སྤྲད་པ་སོགས་ཡོང་གི་ཡོད་པས། མང་ཚོགས་ནས་ནད་པ་ཚོར་ནམ་ཡང་དབྱེ་འབྱེད་བྱེད་རྒྱུ་མེད་སྐོར་གསུང་དོན། ང་ཚོ་བོད་པའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་ཀྱི་ནད་གཞི་ཡོད་མཁན་རྣམས་ལ་ཚོགས་སྡེ་ཁག་གཅིག་གིས་ལས་ཀའི་གོ་སྐབས་སྤྲོད་ཀྱི་མེད་པའི་གནས་སྟངས་མང་པོ་ཞིག་ཡོང་བཞིན་འདུག འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྡེ་ཚན་སོ་སོར་ལམ་སྟོན་དང་བཀོད་མངགས་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།།