༢༠༡༥ ཟླ་ ༣ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༧ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་ཆབ་སྲིད་བཙོན་ཟུར་འགོ་ལོག་འཇིགས་མེད་ལགས་དང་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐིའུ་མ་ཁ་ཅི་ Mr. Matteo Mecacci མཆོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྐུ་ཚབ་སྐུ་ཞབས་ཇོན་གོ་ཌེ་ཏི་ Mr. John Gaudette ལགས་སོགས་ཀྱིས་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་གནང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་།
དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་སོགས་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་དུ་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་དག་ལས་བྱུང་བ་ཞིག་ཡིན་སྟབས། ངེས་པར་དུ་བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་གནང་འདུག དེ་ཡང་གོང་ཚེས་ཉིན་འགོ་ལོག་འཇིགས་མེད་ལགས་ཀྱིས་ལྷན་ཚོགས་ཐོག་བོད་ནང་དུ་དེང་སྐབས་བོད་མི་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་དེ་དག་སེལ་ཆེད་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གཙོ་བོར་གྱུར་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བར་ཞུགས་གནང་ནས་བོད་མིའི་དཀའ་ངལ་སེལ་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག་པ་མ་ཟད། ཕྱི་ཚེས་ ༡༦ ཉིན་ཁོང་གིས་འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པས་ Society for Threatened Peoples གོ་སྒྲིག་ཞུས་པའི་ལྷན་ཚོགས་སུ་ཕེབས་ནས་ཉན་ཞིབ་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་དོན། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་མཐོང་སྐབས་ང་ལྟ་བུ་བོད་མི་ཞིག་གིས་བཟོད་ཐབས་བྲལ་བ་ལྟ་བུ་ཆགས་འདུག དེར་བརྟེན་ངས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དང་སྲིད་བྱུས་ལ་ཐེངས་འགའ་ཞི་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་བྱུང་། ལས་འགུལ་ཚང་མ་འཚེ་མེད་ཞི་བའི་ལས་འགུལ་ཡིན་པ་ལས། རྒྱ་རིགས་གཅིག་ལའང་གནོད་པ་བསྐྱལ་མེད་པ་ཟད། རྒྱ་མིའི་ཅ་དངོས་གང་ལའང་གཏོར་བཅོམ་བཟོས་མེད། ཅེས་གསུངས།
གཞན་ཡང་གཏམ་བཤད་གནང་མཁན་ཨ་རི་དང་ནོར་ཝེ། སུད་སི། ཨ་ཡིར་ལེན་ཌི། རྒྱ་རིགས། འཛམ་གླིང་ཡུ་གུར་མཐུན་ཚོགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་འཐུས་མི་སོགས་ཀྱིས་མཉམ་ཞུགས་གནང་འདུག གཞན་ཡང་ཕྱི་ཚེས་ ༡༡ ཉིན་ཆོས་དད་རང་དབང་ཐོག་དམིགས་གསལ་ཉམས་ཞིབ་པ་སྐུ་ཞབས་ཧེ་ནར་བྷེ་ལི་ཕེལ་ཌི་ Mr. Heiner Bielefeldt ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་བརྩད་དཔྱོད་གནང་ཕྱོགས་ཀྱི་ལམ་སྲོལ་ཐོག་ཐེ་བྱུས་བྱེད་ཐབས་བྱེད་བཞིན་ཡོད་པ་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན། ཞེས་གསུངས།
ཕྱི་ཚེས་ ༡༧ ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་བགྲོ་གླེང་ལྷན་ཚོགས་སྐབས་བོད་ཀྱིས་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་ཚབ་ཆེན་པོ་ཡོད་པ་མ་ཟད། བོད་དང་ཡུ་གུར་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་གི་རྒྱུ་རྐྱེན་ངོ་མ་གང་ཡིན་ཐོག་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་བཞིན་ཨ་རིའི་སྐུ་ཚབ་མཆོག་ནས་བོད་དང་ཡུ་གུར་གྱིས་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཨ་རིའི་སྲིད་གཞུང་གིས་སེམས་ཚབ་ཧ་ཅང་བྱེད་བཞིན་པ་མ་ཟད། དེང་སྐབས་བོད་དང་ཡུ་གུར་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཞི་བའི་ལམ་ནས་རང་གི་མངོན་འདོད་རྣམས་འབོད་བཞིན་པའི་མི་སྣ་གང་བྱུང་འཛིན་བཟུང་བཙན་འཁྲིད་བྱས་པ་དང་། བཀག་ཉར། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དེ་དག་ཐོག་སེམས་ཚབ་ཤུགས་ཆེ་ཡོད་པ་གསུངས། གཞན་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ Human Rights Watch ཚོགས་པ་ལྟ་བུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབས་ཚན་པས་བོད་དང་ཡུ་གུར། དེ་བཞིན་ཧོང་ཀོང་སོགས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་ཞིན་གནས་སྟངས་ཐོག་སེམས་ཚབ་ཧ་ཅང་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་ངེས་པར་དུ་གནད་དོན་ཛ་དྲག་པོ་ཞིག་ལ་བརྩིས་ནས་ས་ཁུལ་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
ཕྱོགས་མཚུངས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་ཀྱིས་འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་ Society for Threatened Peoples པའི་ས་མིག་ཐོག་ལྷན་ཚོགས་ནང་ཕེབས་ནས་གཞིས་ཞུགས་བོད་མི་ཚོས་བོད་ནང་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་སྐོར་བདེན་པ་ར་སྤྲོད་གནང་བའི་དཔང་རྟགས་ཁུངས་སྐྱེལ་ཞུས་པ་དང་སྦྲགས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་སྐོར་ངག་ཐོག་ནས་གསལ་བཤད་གནང་དོན།
འདི་ལོར་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༠ འཁོར་བཞིན་ཡོད། ད་བར་རྒྱ་ནག་གཞུང་གིས་ཁོང་གང་དུ་ཡོད་མེད་ཁུངས་ལྡན་གནས་ཚུལ་སྐོར་ལན་འདེབས་ཁ་གསལ་གང་ཡང་བྱས་མེད། དེར་བརྟེན་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་རྣམས་གང་དུ་ཡོད་པ་དང་སྐུའི་འཕྲོད་བཞེེས་ཇི་འདྲ་ཡོད་མིན་རྟོགས་ཞིབ་ཆེད་ངེས་པར་དུ་རང་དབང་ལྡན་པའི་ཉམས་ཞིབ་པ་མགྲོན་འབོད་ཞུ་དགོས། ཞེས་གསུངས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐིའུ་མ་ཁ་ཅི་ Mr. Matteo Mecacci མཆོག་གིས་ཧེལ་སེང་ཀི་ཐེབས་རྩ་ཁང་ Helsinki foundation གི་ས་མིག་ཐོག་ལྷན་ཚོགས་ནང་མཉམ་ཞུགས་གནང་ནས་བོད་ཀྱི་ནང་ཆོས་ཉམས་ཆག་ཧ་ཅང་འགྲོ་བཞིན་པའི་གནས་སྟངས་ཐོག་སེམས་ཚབ་ཧ་ཅང་ཡོད་སྐོར་གསུངས་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ནང་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་ཤུགས་ཆེ་རུ་བཏང་བར་བརྟེན་བོད་བརྒྱུད་ནང་ཆོས་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གསུངས།
གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་རྒན་པ་སྐུ་ཞབས་ཇོན་གོ་ཌེ་ཏི་ Mr. John Gaudette ལགས་ཀྱིས་རྒྱལ་སྤྱིའི་མཐུན་འབྲེལ་སླར་གསོའི་ལས་གཞིའི་ International fellowship of Reconciliation ས་མིག་ཐོག་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གཞུང་གི་དབང་འོག་ཏུ་ཡོད་པའི་བོད་ནང་གི་བོད་མི་ཚོའི་ཤེས་ཡོན་དང་འཕྲོད་བསྟེན་གྱི་གནས་སྟངས་ཧ་ཅང་ཞན་པོ་ཡོད་སྐོར་ངག་ཐོག་ནས་གསལ་བཤད་གནང་འདུག སྤྱིར་དེང་སྐབས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༨ སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོགས་བཞིན་ཡོད་པ་དང་ལྷན་ཚོགས་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༧ བར་ཚོགས་རྒྱུ་ཡིན་འདུག