༢༠༡༥ ཟླ་ ༣ ཚེས་ ༢༢ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༢ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཡོལ་ཙམ་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ཀོལ་སིངྒ་ཐ་ཀུར་ (Shri Kaul Singh Thakur) མཆོག་གིས་གཙོས་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Shri Ravi Thakur) མཆོག སྤྱི་ཁྱབ་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། སྨན་རྩིས་ཁང་གི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ལས་བྱེད་དང་དགེ་ལས་སློབ་ཕྲུག ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་ཕྱེ་གནང་རྗེས།
བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་གནང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་གནང་གྲུབ་བསྟུན་གཡུ་ཐོག་གསོལ་འདེབས་གསུང་འདོན་གནང་།
དེ་རྗེས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ ལོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་། དེ་ནས་སྲིད་སྐྱོང་མཆོག་གིས་སྐབས་ ༦ རྩིས་པ་དཀའ་བཅུ་པ་རྣམས་ལ་རྩིས་རམས་པའི་ལག་འཁྱེར་གནང་གྲུབ་བསྟུན། སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་སུ་བདུད་རྩིས་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ལམ་ལྷོངས་ལེགས་གྲུབ་བྱུང་བར་དགའ་བསུའི་མཇལ་དར་གནང་རྗེས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྨན་སློབ་སྐབས་ ༡༧།༡༨།༡༩ རྣམས་ལ་ལོ་འཁོར་རྒྱུགས་འབྲས་རྩེ་ཐོན་པ་གསུམ་ལ་ལག་འཁྱེར་གནང་། དེ་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་རྩིས་སློབ་སྐབས་ ༩།༡༠ པ་རྣམས་ལ་ལོ་འཁོར་རྒྱུགས་འབྲས་རྩེ་ཐོན་པ་གསུམ་དང་། ལོ་རེའི་རྩེ་ཕུད་སློབ་མ། སྤྱི་པའི་རྒན་བདག་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་ཉིན་སྨན་རྩིས་ཁང་གི་འགོ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག དེ་རིང་ནི་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་གལ་ཆེན་ཉིན་མོ་ཞིག་ཆགས་ཡོད་པ་དང་། སྨན་རྩིས་ཁང་ནི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཆ་ཤས་གལ་ཆེན་པོ་ཞིག་ཆགས་ཡོད་སྐོར་སོགས་གསུངས་ཡོད་པ་མ་ཟད། ཧི་མ་ཅལ་མངའ་གཞུང་ནས་བོད་རིགས་སློབ་ཕྲུག་ལ་ཕྱི་ལུགས་སྨན་པའི་སློབ་སྦྱོང་ཆེད་ཟུར་བཅད་ཞབས་སྟེགས་གཉིས་གནང་བཞིན་ཡོད་པར་ཐུགས་རྗེ་ཞུས་པ་སྦྲགས། བོད་པའི་སྤྱི་ཚོགས་ནང་ད་དུང་ཡང་ཕྱི་ལུགས་སྨན་པ་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ཧི་མ་ཅལ་མངའ་གཞུང་ནས་བོད་རིགས་རྣམས་ལ་ཟུར་བཅད་ཞབས་སྟེགས་ཀྱི་གྲངས་ཀའི་ཐོག་སྤར་ཆ་ཡོང་བའི་རེ་སྐུལ་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བའི་ནང་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་གྱི་མཛད་སྒོར་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་ཕེབས་ཐུབ་པ་འདི་ཧ་ཅང་གཟི་བརྗིད་ཆེན་པོ་རེད། དེར་བརྟེན་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་པ་དང་ཆབས་ཅིག་ཧི་མ་ཅལ་མངའ་སྡེ་གཞུང་ནས་ད་བར་བོད་མི་རྣམས་ལ་མཐུན་འགྱུར་དང་རོགས་རམ་གནང་བ་སྤྱི་དང་། ལྷག་པར་བོད་ཀྱི་སྨན་རྩིས་ཁང་འདི་བཞིན་མུ་མཐུད་རྒྱ་སྐྱེད་ཡོང་སླད་རེ་སྐུལ་གནང་བའི་དོན་ཚན་ཁག་དེ་དག་ལ་ངེས་པར་དུ་ཞལ་བཞེས་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་པོ་གནང་བ་དང་སྦྲགས། བོད་པའི་སྨན་པ་ཚོའི་ངོས་ནས་དགོངས་པ་བཞེས་ཕྱོགས་སྐོར་གསུང་དོན། སྨན་པ་བཞེས་བརྗོད་སྐབས་རང་བཞིན་གྱི་བསམ་བློའི་ནང་གཞན་ཕན་དང་བྱམས་སྙིང་རྗེ། བཟང་པོའི་བློ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར། སྤྱིར་ང་ཚོ་ཚང་མར་ཞན་ཕན་གྱི་བློ་དེ་དག་དགོས་ཀྱི་ཡོད། ལྷག་པར་སྨན་པ་རྣམས་ལ་ལྟ་སྟངས་དེ་འདྲ་ཡོད་པ་ངས་འདི་ལྟར་དྲན་གྱི་ཡོད། དེར་བརྟེན་སྨན་པ་ཚོ་སེམས་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།
ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧི་མཱ་ཅལ་གཞུང་མང་གཉིས་ཀྱིས་ད་བར་བོད་མིར་མཐུན་རྒྱུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག སྨན་པ་རྣམས་ལ་གཞན་གཅེས་འཛིན་གྱི་བློ་ཡོད་པའི་ཐོག་ནས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་དགོས་སྐོར་གསུང་དོན། རང་ལས་གཞན་གཅེས་ཞེས་པ་དེ་ནང་ཆོས་ཀྱི་ལྟ་གྲུབ་ཙམ་མིན་པར་ཡ་རབས་བཟང་སྤྱོད་ནི་བོད་པའི་གོམས་གཤིས་ཡིན་ཞེས་༸གོང་ས་མཆོག་གིས་དུས་རྟག་ཏུ་བཀའ་སློབ་ཕེབས་བཞིན་ཡོད་པ་དེ་དག་ཡིད་ལ་འཇགས་པའི་ཐོག་ནས་ནད་པ་གཟིགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། གཞན་གཅེས་འཛིན་གྱི་བསམ་བློའི་ཐོག་ནས་སྤྱི་ཚོགས་ཀྱི་ཞབས་འདེགས་ཞུ་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་ཀོལ་སིངྒ་ཐཱ་ཀུར་མཆོག་གིས་ཁོང་རང་ཉིད་ལ་བོད་སྨན་གྱིས་ཕན་ཐོགས་བྱུང་བའི་ཉམས་མྱོང་བྱུང་སྐོར་དང་། དེ་བཞིན་ཁོང་རང་ཉིད་བྱིས་པའི་དུས་ཏེ་ཕྱི་ལོ་ ༡༩༥༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་པན་ཆེན་རིན་པོ་ཆེ་མཆོག་ལྷན་རྒྱས་མཚོ་པདྨར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་བསུར་བཅར་མྱོང་ཡོད་ཅིང་།
སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཕྱག་དབང་ཐོབ་ཡོད་སྐོར་སོགས་གསུངས་པ་དང་སྦྲགས། ཁོང་གིས་ཁོང་རང་ཉིད་ཁྲལ་བསྡུ་བློན་ཆེན་ཡང་ཡིན་པའི་ཆ་ནས་སྨན་རྩིས་ཁང་གི་དགོས་མཁོ་ལྟར་སྨན་རྩ་འདེབས་ལས་བྱེད་སའི་ས་ཞིང་ཨེ་ཀར་ ༢༠ ནས་ ༣༠ གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་མཆོག་གིས་འབོད་སྐུལ་ཞུས་པ་ལྟར། བོད་རིགས་སློབ་ཕྲུག་རྣམས་ལ་ཧི་མ་ཅལ་མངའ་གཞུང་ནས་ཕྱི་ལུགས་སྨན་པའི་ཟུར་བཅད་ཞབས་སྟེགས་ཀྱི་གྲངས་འབོར་སྤར་ཆའི་སྐོར་གསུང་དོན། རིང་མིན་ང་ཚོས་ཧི་མ་ཅལ་གྱི་ཅམ་བྷ་དང་ཧ་མིར་པུར། ན་ཧཱན་བཅས་སུ་སྨན་གྱི་མཐོ་སློབ་གསར་པ་གསུམ་གསར་འཛུགས་གནང་འཆར་ཡོད་པས་མཐོ་སློབ་དེ་དག་གི་ནང་བོད་རིགས་སློབ་ཕྲུག་ཚོར་ཟུར་སྟེགས་ཞབས་སྟེགས་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད།
བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།