༢༠༡༥ ཟླ་ ༣ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༠ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཡོལ་ཙམ་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སུ་ཝི་ཌེན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Swedish Tibet Group) ཚོགས་མི་རྣམས་ལ་གསུང་བཤད་གནང་དོན། ད་ལྟ་བོད་ཀྱི་གྲོས་ཚོགས་འཚོགས་བཞིན་ཡོད། འདི་ནི་སྔོན་རྩིས་ཀྱི་གྲོས་ཚོགས་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་ཐུང་ཙམ་གནང་རྗེས་བོད་མིའི་སྒྲིག་འཛུགས་འདི་ཡང་དག་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པ་དང་། ཕྱི་ལོ་ ༡༩༦༠ སྐབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་གྱི་སྒྲོམ་གཞི་གསར་འཛུགས་མཛད་པ་དེའི་དགོས་འདུན་གཙོ་བོ་ནི་བོད་མིའི་རང་དབང་སླར་གསོ་ཡོང་ཐབས་དང་། བཙན་བྱོལ་བོད་མིའི་བདེ་དོན་བསྒྲུབ་ཐབས། དེ་བཞིན་རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་ཡོང་སླད་སྒྲིག་འཛུགས་འདི་གསར་འཛུགས་མཛད་ཡོད་སྐོར་དང་། དེ་སྔ་བོད་ནང་མང་གཙོའི་ལམ་སྲོལ་མེད་པ་ནི་ང་ཚོས་རྒྱལ་རབས་ལོ་རྒྱུས་ལས་ཤེས་ཐུབ། གལ་ཏེ་ཡོད་པའི་དབང་དུ་བཏང་ནའང་ཧ་ཅང་ཚད་དམའ་པོ་ཡིན། འོན་ཀྱང་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བདག་གིར་བཞེས་རྗེས་མང་གཙོའི་ལམ་སྲོལ་ཚད་ལྡན་ཞིག་བཟོ་སྐྲུན་མཛད་ཡོད། དེར་བརྟེན་ཕྱི་ལོ་ ༡༩༦༠ ལོ་ནས་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ཕྱོགས་སུ་གོམ་པ་མདུན་སྤོས་ཀྱིས་མི་མང་གི་སྐུ་ཚབ་འཐུས་མི་འོས་འདེམས་བྱ་རྒྱུའི་ལམ་སྲོལ་གཏན་འབེབས་མཛད་ཡོད།
དེང་སྐབས་མི་མང་གི་འཐུས་མི་རྣམས་ལ་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས། ཞེས་ཞུ་བཞིན་ཡོད། དེ་རྗེས་རིམ་བཞིན་ཕྱི་ལོ་ ༡༩༩༠ སྐབས་ནང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་གནང་ཡོད། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གཙོ་བོ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དང་འབྲེལ་བའི་ལས་དོན་དང་། འཛིན་སྐྱོང་དང་འབྲེལ་བའི་ལས་དོན་མ་གཏོགས། ཉེས་ཁྲིམས་དང་འབྲེལ་བའི་གནད་དོན་རྣམས་གནས་ཡུལ་རྒྱལ་ཁབ་རང་གི་ཁྲིམས་ཁང་ནས་ཐག་གཅོད་གནང་བཞིན་ཡོད། རྣམ་པ་དེའི་ཐོག་ནས་ང་ཚོས་མང་གཙོའི་ཀ་བ་གསུམ། ཞེས་ཡོངས་གྲགས་འཛིན་སྐྱོང་དང་ཁྲིམས་བཟོ། ཁྲིམས་ཁང་བཅས་ཆ་ལག་གསུམ་ཚང་བའི་སྒྲིག་འཛུགས་ཤིག་ཆགས་ཡོད། བཙན་བྱོལ་བོད་མི་ཚོར་མང་གཙོའི་ཉམས་མྱོང་ལོ་ངོ་ ༥༦ ཙམ་བྱུང་ཡོད། གྲོས་ཚོགས་ལ་མཚོན་ན། ཡུ་རོབ་ཁུལ་ནས་བོད་མིའི་སྐུ་ཚབ་སྤྱི་འཐུས་གྲངས་གཉིས་ཡོད། དེར་བརྟེན་སུ་ཝི་ཌེན་ནང་གནས་སྡོད་བྱེད་མཁན་བོད་མི་ཚོས་ཀྱང་སྐུ་ཚབ་འཐུས་མི་གཉིས་འོས་འདེམས་གནང་བཞིན་ཡོད། ཅེས་སོགས་གསུངས་པ་མ་ཟད།
ད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་གཉིས་རེ་དང་། མདོ་སྟོད་སྨད་དང་དབུས་གཙང་བཅས་ཆོལ་ཁ་གསུམ་ནས་སྤྱི་འཐུས་བཅུ་རེ། དེ་བཞིན་བྱང་ཨ་རི་ནས་སྤྱི་འཐུས་གཉིས་བཅས་ཁྱོན་སྤྱི་འཐུས་གྲངས་ ༤༤ ཡོད། ཆོས་བརྒྱུད་དང་ཆོལ་ཁར་གཞི་རྩ་བཟུང་ནས་སྤྱི་འཐུས་འོས་འདེམས་གནང་ཕྱོགས་འདི་སྲོལ་རྒྱུན་གྱི་ལམ་སྲོལ་མཚོན་ཐུབ། གང་ཡིན་བརྗོད་ན་སྤྱིར་མང་གཙོའི་ཡུལ་གྲུ་ཕལ་ཆེ་བའི་ནང་མི་མང་གི་སྐུ་ཚབ་འཐུས་མི་འོས་འདེམས་གནང་སྐབས་ས་གནས་ས་ཁོང་ནས་སྐུ་ཚབ་འདེམས་སྲོལ་ཡོད་ཀྱང་བཙན་བྱོལ་བོད་མིའི་སྤྱི་འཐུས་འོས་འདེམས་གནང་ཕྱོགས་འདི་ས་གནས་ས་ཁོང་མིན་པར་སྲོལ་རྒྱུན་ནས་བོད་འདི་ཆོལ་ཁ་གསུམ་ལ་དབྱེ་བ་དེར་གཞི་རྩར་འཛིན་ནས་ཆོལ་ཁ་སོ་སོའི་མི་གྲངས་ཇི་ཡོད་ལ་ལྟོས་མེད་སྐུ་ཚབ་འཐུས་མི་གྲངས་མང་ཉུང་གཅིག་མཚུངས་སུ་བགོ་བཤའ་བརྒྱབ་ཡོད། དེ་བཞིན་ཆོས་བརྒྱུད་ཀྱི་སྤྱི་འཐུས་ལ་མཚོན་ན་སྲོལ་རྒྱུན་གྱི་ཆོས་བརྒྱུད་བོན་པོ་ཆགས་ཡོད།
དེ་ནས་རིམ་བཞིན་དར་ཁྱབ་བྱུང་བའི་ས་དགེ་བཀའ་རྙིང་བཅས་ཆོས་བརྒྱུད་ཆེན་པོ་བཞི་ལ་སྐུ་ཚབ་འཐུས་མི་གྲངས་གཅིག་མཚུངས་བགོ་བཤའ་བརྒྱབ་ཡོད། དེར་བརྟེན་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་འདི་དེང་རབས་དང་སྲོལ་རྒྱུན་ལམ་སྲོལ་བཟུང་འབྲེལ་ཐོག་ནས་འགྲོ་བཞིན་ཡོད་པ་བརྗོད་ཆོག གང་ཡིན་བརྗོད་ན་སྲོལ་རྒྱུན་ཐོག་ནས་ཆོལ་ཁ་གསུམ་ལ་སྤྱི་འཐུས་ཆ་བགོས་གཅིག་མཚུངས་ཡོད་པ་མ་ཟད། དེང་རབས་དང་མཐུན་པའི་ཐོག་ནས་བྱང་ཨ་རི་དང་ཡུ་རོབ་གཉིས་ལ་སྤྱི་འཐུས་གྲངས་གཉིས་རེའི་ཐོབ་ཐང་ཡོད། ཅེས་གསུང་པ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་གྱི་འོས་འདུ་གནང་སྐབས་རྒྱ་བལ་འབྲུག་གསུམ་དང་ཡུ་རོབ། ཨ་རི་ཙམ་མ་ཟད། ཨོ་སི་ཊོ་ལི་ཡ་དང་། ཉེ་ཧོང་། ནིའུ་ཛི་ལེན་ཌི། བྱང་ཨ་རི་སོགས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་འོས་འདུའི་སྐབས་མཉམ་ཞུགས་གནང་གི་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་འདུ་དང་སྲིད་སྐྱོང་གི་འོས་འདུ་འཁེལ་བཞིན་ཡོད། ཅེས་སོགས་གསུང་རྗེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་ལས་དོན་སྤེལ་ཕྱོགས་སྐོར་གསལ་བཤད་གནང་རྗེས་དྲི་བ་རྣམས་ལ་ལན་འདེབས་གནང་འདུག