༢༠༡༥ ཟླ་ ༣ ཚེས་ ༡༣ རེས་གཟའ་པ་སངས།
༅༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༢ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིར་ Paris སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་ French Senate ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་གསར་འགོད་ལྷན་ཚོགས་ཐོག་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་རེ་སོན་ Mr. Michel Raison མཆོག་གིས་གསུང་དོན།
བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་གནང་བ་དེ་ནི་ཤིན་ཏུ་བསྔགས་པར་འོས་པ་ཞིག་ཡིན་པར་བརྟེན། འཐབ་རྩོད་གནང་མཁན་གཞན་ཚོས་ཀྱང་བོད་མི་ཚོར་མིག་དཔེ་བལྟ་དགོས། ཞེས་གསུངས།
གཞན་ཡང་སྐབས་དེར་ཕ་རན་སིའི་གྲོས་ཚོགས་འོག་མའི་ French National Assembly བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇིན་པི་གི་ལེ་ Mr Jean P Gille མཆོག་གིས་གསུང་དོན། ཕྱི་ཚེས་ ༡༤ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་བོད་དོན་ཞི་བའི་གོམ་འགྲོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག དེར་བརྟེན་ལས་འགུལ་དབུ་འཛུགས་མ་གནང་གོང་ང་ཚོས་སྐུ་ཉིད་མཆོག་དེ་རིང་ཕ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་ནང་མགྲོན་འབོད་ཞུ་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། ཞེས་གསུངས།
ཕྱོགས་མཚུངས་སྐབས་དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་རེ་སོན་མཆོག་གིས་གསུང་དོན། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི་ང་ཚོ་ཕ་རན་སིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཧ་ཅང་གལ་ཆེ་བརྩི་བཞིན་ཡོད་སྟབས་དེའི་ཐོག་འབད་བརྩོན་མཉམ་རུབ་ཞུ་བཞིན་ཡོད། ཕ་རན་སིའི་མི་མང་ཚོས་ང་ཚོར་རྒྱབ་སྐྱོར་ཞུ་རྒྱུ་དེ་ཡང་གཙོ་བོ་ང་ཚོས་བོད་མིའི་འཚེ་མེད་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་ཞུས་པ་དེས་ཡིན། ཞེས་གསུངས། སྲིད་སྐྱོང་མཆོག་གིས་སྐབས་དེར་ཕ་རན་སིའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་གསུངས་པ་མ་ཟད། བོད་མིའི་འཐབ་རྩོད་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བརྟེན་པའི་འཐབ་རྩོད་ཅིག་ཡིན་སྟབས། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་འཚེ་བའི་ལམ་ནས་དྲག་རྒོལ་གྱི་ལས་འགུལ་སྤེལ་མཁན་དང་གཅིག་པ་མིན། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་འཐབ་རྩོད་ལ་ངེས་པར་དུ་རྒྱབ་སྐྱོར་གནང་དགོས། བོད་དོན་ལ་རྒྱབ་སྐྱོར་གནང་བ་ཡིན་ན་འཚེ་མེད་ཞི་བར་རྒྱབ་སྐྱོར་གནང་བ་དང་གཅིག་མཚུངས་ཆགས་ཡོད། བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་ཡིན་ན། འཐབ་རྩོད་པ་གཞན་ཚོས་ཀྱང་འཚེ་མེད་ཞི་བའི་ལམ་ལ་འཇུག་རྒྱུར་བློ་སྤོབས་སྐྱེ་ངེས་ཡིན། ཞེས་གསུངས།
སྤྱིར་དེ་ཉིན་ཕ་རན་སིའི་བརྙན་འཕྲིན་དང་རླུང་འཕྲིན། གསར་ཤོག་སོགས་གསར་འགྱུར་བརྒྱུད་ལམ་འདྲ་མིན་དྲུག་ཙམ་གྱིས་གསར་འགོད་པས་སྲིད་སྐྱོང་མཆོག་ལ་དྲི་བ་ཕུལ་བར་ལན་འདེབས་ཞིབ་ཕྲ་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་གིས་གསར་འགོད་པ་དེ་དག་ལ་ལན་འདེབས་གནང་སྐབས་ཐེངས་འདིར་སྲིད་སྐྱོང་ཁོང་རང་དབང་ལ་ཧ་ཅང་གཙིགས་ཆེར་འཛིན་མཁན་གྱི་ཡུལ་གྲུ་ཞིག་ལ་ཕེབས་ཡོད་ཀྱང་བོད་ནང་དུ་དེ་ལས་ལྡོག་སྟེ་དྲག་གནོན་དང་མནར་གཅོད་གཏོང་བཞིན་ཡོད་སྐོར་དང་། བོད་མི་ཚོས་རྒྱ་ནག་གི་དྲག་གནོན་བཟོད་ཐབས་བྲལ་ནས་དེང་སྐབས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད་པར་བརྟེན། ནམ་ཞིག་རྒྱ་ནག་གི་བོད་མིའི་ཐོག་དམ་དྲག་དང་མནར་གཅོད་མཚམས་འཇོག་བྱེད་པ་ཡིན་ན་བོད་མི་ཚོས་རང་ལུས་མེར་སྲེག་མཚམས་འཇོག་བྱ་རྒྱུ་རེད། སྤྱིར་ང་ཚོས་གཞིས་བྱེས་བོད་མི་རྣམས་ལ་རང་ལུས་མེར་སྲེག་ལྟ་བུ་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ནས་ད་བར་བོད་མི་ ༡༣༦ རང་ལུས་མེར་སྲེག་བཏང་ནས་བོད་མི་ ༡༡༦ འདས་གྲོངས་སུ་གྱུར་ཡོད།
རང་ལུས་མེར་སྲེག་གཏོང་མཁན་མཐའ་མ་དེ་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༥ ཉིན་ཨ་མདོ་རྔ་པ་ནས་ཡིན་སྐོར་གསལ་བཤད་གནང་བ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་གིས་དེང་སྐབས་བོད་ནང་རྒྱ་རིགས་མི་འབོར་ཧ་ཅང་མང་པོ་སྤོ་བཞུད་བྱེད་བཞིན་པ་དེས་བོད་མི་ཚོ་དཔལ་འབྱོར་ཟུར་འབུད་དང་། རིག་གཞུང་རྩ་གཏོར། དེ་བཞིན་ཁོར་ཡུག་གཏོར་བཤིག་འགྲོ་བཞིན་ཡོད་པ་དང་། བོད་ནང་བོད་མི་ཚོར་ཕན་པའི་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད། དེ་སྔ་ལས་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་སོ་ཉུལ་ཆེད་པར་ཆས་གང་སར་བཙུགས་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཚོད་འཛིན་བྱེད་བཞིན་ཡོད་པ་དང་།
བོད་ཀྱི་གྲོང་ཁྱེར་དང་རྒྱལ་ས་ཆེ་ཁག་ཚང་མའི་ཁང་ཐོག་ཏུ་རྒྱ་མིའི་འཇབ་རྒོལ་རྒྱག་མཁན་དམག་མི་མེ་མདའ་ཟེར་པོ་ཡོད་མཁན་བཀྲམས་ནས་བོད་མིའི་ཐོག་དྲག་གནོན་བྱེད་ཕྱོགས་ཀྱི་རྣམ་འགྱུར་གཏོན་བཞིན་པ་མ་ཟད། བོད་ཀྱི་ས་ཁུལ་གང་སར་ས་ཚིགས་བཟོས་ནས་བོད་མི་འགྲུལ་བཞུད་བྱེད་མཁན་རྣམས་ལ་སྔོག་བཤེར་དང་འདྲི་བརྩད་སོགས་བྱས་ནས་ཧ་ཅང་སུན་པོ་བཟོ་བཞིན་ཡོད་པ་དང་། ཨེ་ཤི་ཡའི་མི་འབོར་ཐེར་འབུམ་གཅིག་ཙམ་གྱིས་བོད་ཀྱི་རྒྱུག་ཆུ་དང་ཆུ་ཆེན་ཁག་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱུག་ཆུ་དང་གཙང་ཆུ་དེ་དག་ཐོག་ཆུ་མཛོད་གང་བྱུང་བརྒྱབ་པ་དང་བོད་ཀྱི་ཤིང་ནགས་གང་བྱུང་བྲེགས་པ། དེ་བཞིན་བོད་ཀྱི་གཏེར་དངོས་གང་བྱུང་བསྔོགས་པ་སོགས་ལ་བརྟེན། བོད་ཀྱི་གནམ་གཤིས་ལ་འགྱུར་ལྡོག་དབང་གིས་བོད་ཀྱི་འཁྱག་རོམ་བཞུ་བཞིན་ཡོད་སྟབས། འབྱུང་འགྱུར་མི་འབོར་ཐེར་འབུམ་གཅིག་ལ་འཐུང་ཆུ་སོགས་ཀྱི་དཀའ་ངལ་འཕྲད་ངེས་ཡིན་པ་དང་། བོད་ནི་འཛམ་གླིང་གི་སྣེ་གསུམ་པ། ཞེས་གྲགས་བཞིན་ཡོད་སྐོར་གསུངས།
སྐབས་དེར་གསར་འགོད་པ་ཞིག་གིས་བོད་རྒྱ་འབྲེལ་མོལ་སྐོར་གྱི་དྲི་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་ས་གནས་གང་དང་དུས་ནམ་ཞིག་ལ་གྲོས་མོལ་གནང་རྒྱུ་ཡིན་ནའང་གྲ་སྒྲིག་ཨང་སར་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་དེས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དོན་དམ་གྱི་རང་སྐྱོང་རྩོད་བཞིན་ཡོད། བོད་ཀྱི་གནད་དོན་སེལ་བ་ཡིན་ན་རྒྱ་ནག་ལའང་རྒྱལ་སྤྱིའི་ཐོག་བཟང་སྤྱོད་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་དང་། དེ་ནི་ངེས་པར་དུ་དགོས་ངེས་ཤིག་ཡིན། བཟང་སྤྱོད་ཀྱི་རྒྱབ་སྐྱོར་དེ་དམག་གི་སྟོབས་ཤུགས་ཀྱིས་ཐོབ་ཐབས་མེད། ཅེས་ལན་འདེབས་གནང་འདུག ཕྱི་ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གིས་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་རྒྱུ་མ་ཟད། གསུང་བཤད་ཀྱང་གནང་རྒྱུ་ཡིན་འདུག གོམ་བགྲོད་དེ་ནི་ས་གནས་བོད་རིགས་ཚོགས་པ་དང་ཡོ་རོབ་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་འདུག