༢༠༡༥ ཟླ་ ༣ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ ༢༠༡༥ ཟླ་ ༣ ཚེས་ ༡༡ ནས་ཚེས་ ༡༥ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕ་རན་སི་རྒྱལ་ས་པེ་རི་སིར་ཡུ་རོབ་གོམ་འགྲོས་ཆེན་མོའི་ལས་འགུལ་ནང་མཉམ་ཞུགས་དང་གསུང་བཤད་གནང་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་རྡ་ས་ནས་གྷ་གལ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་། ཕྱི་ཚེས་ ༡༢ ཉིན་ལྡི་ལི་ནས་པེ་རི་སིར་ཕེབས་ཐོན་གྱིས་ས་གནས་སུ་ཕེབས་འབྱོར་གནང་རྒྱུ་མ་ཟད། ཉིན་དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་ཚོགས་མི་དང་དེ་བཞིན་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་གནང་འཆར་ཡོད་པ་མ་ཟད། ཕ་རན་སིའི་གསར་འགྱུར་བརྙན་འཕྲིན་དང་རླུང་འཕྲིན། དེ་བཞིན་གསར་ཤོག་ France 3 TV, Radio France International, Agence France Presse, and Le Monde སོགས་གསར་འགྱུར་བརྒྱུད་ལམ་འདྲ་མིན་གྱི་བཅར་འདྲིར་དང་ལེན་གནང་གཏན་འཁེལ་འདུག ཕྱི་ཚེས་ ༡༣ ཉིན་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་དེ་བཞིན་ཡོ་རོབ་རྒྱལ་ཁབ་གཞན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། ཨ་རིའི་གཙུག་ལག་སློབ་གྲྭ་གྲགས་ཅན་སི་ཊན་ཕོ་ཌི་ Stanford University དང་ཧར་ཝ་ཌི། Harvard University ཅས་ཀྱི་སློབ་ཟུར་རྣམས་ལ་འབྱུང་འགྱུར་ཨ་རི་དང་ཡུ་རོབ། བོད་དབར་གྱི་འབྲེལ་ལམ་སྐོར་གཞི་རྩར་བཞག་ནས་དེང་སྐབས་རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༤ ཉིན་པེ་རི་སི་ནས་ལྡི་ལིར་ཕེབས་འཐོན་གྱིས་ཕྱི་ཚེས་ ༡༥ ཉིན་ལྡི་ལི་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།