༢༠༡༥ ཟླ་ ༣ ཚེས་ ༢༨ རེས་གཟའ་སྤེན་པ།
༄༅། །ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དགོངས་དོན་དང་མཐུན་པའི་དགེ་རྒན་ཚད་ལྡན་གང་མང་གསོ་སྐྱོང་སླད། སྔོན་འགྲོ་དང་གཞི་རིམ་འོག་མར་གཙོ་བོར་དམིགས་པའི་དགེ་རྒན་འོས་སྦྱོང་ཞིག་ཕྱི་ལོ་ ༢༠༡༥ ཟླ ༧ ཚེས་ ༡ ནས་ ༢༠༡༧ ཟླ་ ༢ ཚེས་ ༡༥ བར་ཟླ་བ་ ༢༠ རིང་དྷ་རམ་ས་ལའི་ཉེ་འདབས་ས་རྰ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་གཏན་འཁེལ་བ་ལྟར། འོས་སྦྱོང་ནང་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A / B.Com/ B.Sc) ཡང་ན་འཛིན་རིམ་བཅུ་གཉིས་ཐོན་རྗེས་ཤེས་རིག་ལས་ཁུངས་ནས་ངོས་འཛིན་ཡོད་པའི་མཐོ་རིམ་རིག་གནས་རབ་འབྱམས་སློབ་ཐོན་པ་མི་གྲངས་ ༣༠ ལ་གོ་སྐབས་སྩལ་རྒྱུ་ཡིན་ཡང་། མཐའ་མའི་འདེམས་སྒྲུག་ངག་རྒྱུགས་ཀྱི་ལམ་ནས་གནང་རྒྱུ་ཡིན་ན། འོས་སྦྱོང་ནང་ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་དགོས་ངེས་ཡིག་ཆ་ཁག་དང་བཅས་སྙན་ཞུ་འབུལ་དགོས་ཤིང་། དུས་བཀག་རྗེས་སུ་འབྱོར་བའི་སྙན་ཞུ་རྣམས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་ཞུ།
དགོས་ངེས་ཆ་རྐྱེན།
༡ ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A B.Com B.Sc.) དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ ཡན་ལོན་པའི་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས།
༢ བྷི་ཨེས་སི་(B.Sc.)སློབ་ཐོན་བརྒྱ་ཆ་ ༥༠ ལོན་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
༣ འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས། (འཛིན་རིམ་བཅུ་གཉིས་བར་བོད་ཡིག་སློབ་གཉེར་གནང་བ་ཞིག་དགོས།)
༤ བོད་རྒྱའི་སྨན་པ་ཚད་ལྡན་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༥ ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༣༡ བར་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༦ ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ བར་རང་ལོ་ ༢༧ ལས་མ་བརྒལ་བ་དགོས་རྒྱུ།
༧ འབྲེལ་བ་ཞུ་བདེའི་སླད་དོ་བདག་སྙན་འབུལ་བའི་གློག་འཕྲིན་ཁ་བྱང་དང་། ཁ་པར་ཨང་འཚང་སྙན་ནང་དུ་ཁ་གསལ་འགོད་དགོས།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་འདྲ་ཚད་འཕེར་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༨ ལ།།
The Secretary,
Department of Education
Central Tibetan Administration
Gangchen Kyishong
Dharamsala – 176215
Distt. Kangra,
H.P. India, Fax: 01892 – 223481 Tel: 01892 – 222572/ 222721
Email: [email protected], website: www.tcewf.org, www.sherig.org/tb/