ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣ རེས་གཟའ་མིག་དམར།
༄༅། །དགའ་ལྡན་ཕོ་བྲང་གཞུང་གི་གཞུང་ཞབས་གནས་ལྔ་པ་རྩེ་མགྲོན་དང་སྐུ་སྒེར་དྲུང་ཆེའི་ཕྱག་རོགས་བགྲེས་ཡོལ་བྱམས་པ་ཚུལ་ཁྲིམས་མཆོག་ལོ་ཤས་ཀྱི་སྔོན་དེ་སྔ་བཙོན་ཁང་ནང་སྡུག་སྦྱོང་ཕོག་པའི་གཅོང་ནད་དང་། ཁྲག་ཤེད་སོགས་སྙུན་གཞི་ཁ་ཤས་ཡང་ཡང་འཕར་ལྡང་གིས་རྒྱ་བོད་ཟུང་སྦྲེལ་སྨན་བཅོས་གནང་བ་དང་། ཉེ་ཆར་སྐུའི་སྙུན་གཞི་སྡུག་ཏུ་སོང་སྟེ་རྒྱ་གར་རྒྱལ་ས་ལྡི་ལིའི་མུལ་ཅན་སྨན་ཁང་ཆེན་མོར་སྨན་བཅོས་གནང་ནས་མགྲོན་ཁང་དུ་བཞུགས་མུར་གློ་བུར་སྙུན་གཞི་སྡུག་ཏུ་སོང་སྟེ་སྨན་ཁང་ལ་གདན་ཞུ་བྱས་ཀྱང་ཕན་འབྲས་མ་བྱུང་བར་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༦ ཉིན་གྱི་ཕྱི་དྲོའི་ཚོུད་ ༣ པ་ཡོལ་ཙམ་ལ་དགུང་གྲངས་ ༨༥ ཐོག་སྨན་ཁང་ནང་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཐོན་འདུག
སྐུ་ངོ་མཆོག་ཕྱི་ལོ་ ༡༩༣༠ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་མཚོ་བཀྲ་ཤིས་གཟིམ་ཁང་དུ་སྐུ་འཁྲུངས་པ་དང་། ཆུང་དུས་ནང་རོང་ཤག་སློབ་གྲྭར་སློབ་སྦྱོང་གནང་རྗེས་རྩེ་དྲུང་གི་ཡིག་རྒྱུགས་ནང་ཞུགས་ཏེ་དགུང་ལོ་ ༢༠ ཐོག་བོད་གཞུང་རྩེ་ཕྱག་ལས་ཁུངས་ཀྱི་སྟོད་ཁུལ་གྱི་གཞུང་ཚོང་ལས་འཁུར་ལོ་གསུམ་དང། དེ་རྗེས་དགའ་ལྡན་ཕོ་བྲང་གཞུང་གི་གཞུང་ཞབས་རྩེ་དྲུང་ཞུ་གནང་གིས་ཐོག་མར་རྩེ་ཡིག་ཚང་ལས་ཁུངས་ཀྱི་ལས་བྱ་དང་། དེ་རྗེས་མཛོད་སྦུག་གི་ལས་བྱ། དེ་ནས་གནས་ལྔ་པ་རྩེ་མགྲོན་དུ་གནས་སྤར་བསྐོ་གཞག་བྱུང་སྟེ་ལས་འཁུར་ཧུར་བསྐྱེད་གནང། ཕྱི་ལོ་ ༡༩༥༩ ལོར་བོད་རང་དབང་སྒེར་ལངས་ཀྱི་བཙན་རྒོལ་རྒྱལ་སྐྱོབས་ཀྱི་འཐབ་རྩོད་ནང་ཞུགས། སྐབས་དེར་རྒྱ་དམར་ནས་དྲག་གནོན་ཚབས་ཆེ་བྱས་པའི་ཕམ་ཉེས་འོག་འཛིན་བཟུང་གིས་བཙོན་ཁང་དུ་ཚུད་ནས་བཙོན་ཁང་ཁག་འགའ་ཤས་ནང་མི་ལོ་ཉི་ཤུའི་རིང་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་པ་དེའི་རིང་བོད་རྒྱལ་ཁབ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཀྱི་ལ་ཞེན་ཟབ་མོ་ནམ་ཡང་འགྱུར་བ་མེད་པར་གནས་སྟབས་རྒྱ་དམར་ནས་བཙོན་ཁང་ནང་ཟུར་བཀག་གིས་འཐབ་འཛིང་ལན་མང་བཏང་བར་མ་ཟད། སྲོག་ཐོག་གི་ཁྲིམས་ཆད་ཕོག་རྒྱུའི་ཉེན་ཁ་ཡང་བྱུང་མྱོང་ཡོད།
ཕྱི་ལོ་ ༡༩༧༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་གཟི་འོད་འོག་བོད་མི་ཆབ་སྲིད་བཙོན་པ་མང་པོ་ཞིག་གློད་བཀྲོལ་བྱུང་ཁོངས་སུ་ཁོང་ལ་ཡང་གློད་བཀྲོལ་ཐོབ། བོད་ཡིག་རིག་གནས་ཀྱི་གནས་ཚད་ཡག་པོ་ཡོད་པར་བརྟེན་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་ཚན་ཁག་ཏུ་ཕྱག་ལས་གནང་། ཕྱི་ལོ ༡༩༨༣ ལོར་རྒྱ་གར་དུ་གཉེན་འཕྲད་ཕེབས་ནས་གཏན་བཞུགས་གནང་།
ཕྱི་ལོ་ ༡༩༨༤ ཟླ་ ༣ ཚེས་ ༡༩ ཉིན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེའི་ཕྱག་རོགས་སུ་བསྐོ་གཞག་གནང་བ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྲི་ཞུའི་ཞབས་འདེགས་ཀྱིས་མཚོན་རང་འཁྲིའི་ལས་འགན་ཁག་ལྷག་བསམ་བརྩོན་པ་ཆེར་བསྐྱེད་གནང། དེ་རྗེས་དགུང་ནའི་བབ་ཀྱིས་ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༡ ནས་གཞུང་ཞབས་བགྲེས་ཡོལ་གནང་ཡང་སྐུ་སྒེར་ཡིག་ཚང་གི་ཕྱག་ལས་ཐུགས་འགན་མུ་མཐུད་བཞེས། དེ་ལྟ་བུའི་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་རྙིང་པ་ཞིག་དང་། ལྷག་བསམ་སྙིང་སྟོབས་འགྱུར་བ་མེད་པའི་བོད་དོན་འཐབ་རྩོད་པ་རྒན་གྲས་ཤིག་འདས་གྲོངས་སུ་གྱུར་པར་ང་ཚོས་ཡིད་གདུང་ཟབ་མོས་མྱ་ངན་གུས་འདུད་དང་། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་འབྲལ་མེད་རྗེས་སུ་འཛིན་པའི་སྨོན་ལམ་ཞུ་བཞིན་ཡོད།།