ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གནང་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྲིད་སྐྱོང་མཆོག སྤྱི་འཐུས་ཚོགས་གཙོ་མཆོག དེ་བཞིན་མཛད་གཙོ་རྣམས་དང་སྲི་ཞུ་བ་རྣམ་པ། སེར་སྐྱ་མི་མང་བཅས་ལྷན་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་ཡོད།
དེ་ཡང་ཉིན་འདིའི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་བོད་ནང་དམག་ཁྲིམས་བསྡམས་ཏེ་སྡུག་བསྔལ་མི་བཟད་པ་ཞིག་བྱུང་བའི་དྲན་རྟེན་དུ་ལོ་ལྟར་གོང་ཚེས་ཉིན་གསུམ་བརྒྱད་མཆོད་འབུལ་ཞེས་པ་ཞིག་གཞུང་འབྲེལ་ཐོག་བསྐྱངས་དང་སྐྱོང་མུས་ལྟར་འདི་ལོ་ཡང་གནང་ཡོད།
སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་དོན། སྒོ་གསུམ་རབ་གུས་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་རྩེ་གཅིག་གསོལ་བ་འདེབས་སྙིང་། འཇིག་རྟེན་ན་ཕན་བདེ་མ་ལུས་པ་འབྱུང་བའི་སྒོ་བུ་རམ་ཤིང་པའི་བསྟན་པ་དེ་ཉིདང་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་འགྲོ་བའི་ཕན་བདེ་གསོས་སུ་དར་རྒྱས་ཡུན་རིང་གནས་པ་དང་། བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་ལྟར་བཅས་སྲིད་ཞིའི་རྣམ་འདྲེན་འཇིག་རྟེན་ཞི་བདེའི་དེད་དཔོན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང་། བསྟན་འགྲོ་སྐྱོང་བའི་མཛད་འཕྲིན་བདག་གིར་བཞེས་པའི་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་ཐམས་ཅད་སྐུ་ཚེ་རྡོ་རྗེའི་ཁམས་ལྟར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པ། མཁས་གྲུབ་འབྱུང་གནས་རིས་མེད་ཆོས་སྡེ་རྣམས་སུ་དགེ་འདུན་འདུ་ཚོགས་འཕེལ་ཞིང་ཆོས་འབྱོར་དཔལ་གྱིས་རྒྱས་པ།
དགེ་འདུན་རྣམས་ཀྱང་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་ཉིན་མཚན་དུས་འདའ་བ་དང་། འཛམ་གླིང་འདིས་མཚོན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནད་མུག་འཁྲུག་རྩོད་སོགས་མི་མཐུན་རྒུད་ཚོགས་ཞི་ནས་ཆར་ཆུ་དུས་སུ་བབས་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་ཕུན་ཚོགས་བཀྲ་ཤིས་དཔལ་གྱིས་ཁེངས་པ། ལྷག་པར་རང་ཅག་གངས་ཅན་པ་རྣམས་ཀྱི་བདེན་མཐའ་མྱུར་དུ་གསལ་ནས་ཆོས་ལྡན་ཞིང་གི་ཁམས་སུ་རང་དབང་བདེ་སྐྱིད་ཀྱི་ཉི་མ་སླར་ཡང་འཆར་ཞིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ལྡན་དུ་༸ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་བཀོད་དེ་བོད་འབངས་ཡོངས་རྫོགས་གང་གི་ལེགས་པར་གསུང་བའི་ཆོས་ལ་རོལ་ཞིང་རིང་པོར་མི་ཐོགས་པར་སྐུ་ཐུགས་ཟུང་འཇུག་གི་གོ་འཕང་བརྙེས་པ་བཅས་ཆོས་སྲིད་ཀྱི་ལེགས་ཚོགས་འཕེལ་ཞིང་རྒྱས་པ་དང་། འཐབ་རྩོད་ནད་མུག་སོགས་ལ་བརྟེན་ནས་ཚེ་ལས་འདས་ཚད་མ་གྱུར་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱིས་ཐོག་དྲངས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཕྱི་ལོ་ ༡༩༨༩ སོགས་ཞི་རྒོལ་རིམ་པར་བྱུང་བའི་ཁྲོད་དུ་གཅེས་པའི་སྲོག་ཀྱང་ཡལ་བར་འདོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ལྷག་པར་སྤྱི་ལོ་ ༢༠༠༩ ནས་བཟུང་རྒྱ་གཞུང་གིས་བོད་དང་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་དུ་རང་ལུས་མེར་སྲེག་གནང་ནས་ཚེ་ལས་འདས་པའི་རྒྱལ་གཅེས་ཕོ་མོ་རྣམས་ཀྱི་ཚེ་རབས་ཐོག་མེད་བྱས་བསགས་སྡིག་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པ་དང་། ཀུན་གཟིགས་པན་ཆེན་ཐམས་ཅད་མཁྱེན་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་རྒྱའི་བཙོན་ཁང་ནང་ཡོད་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱང་མྱུར་བར་བསྟན་འགྲོའི་མཛད་བཟང་ལེགས་པར་སྐྱོང་ཐུབ་པ་བཅས་ལ་དམིགས་ཏེ། རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་དང་། སྙན་ཤལ་དྲི་བྲལ་ནང་མཛོད་རེ། མཆོད་མེ་སྟོང་ཚར། ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་བཞེས་བག དགེ་འདུན་རེ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེ་ཕུལ་ཏེ་སྨོན་ལམ་གསུང་འདོན་གྱིས་ཆུ་ཚོད་ ༡༠ ཐོག་མཆོད་འབུལ་སྨོན་ལམ་གྲོལ་ཡོད་པ་བཅས།།