༢༠༡༥ ཟླ་ ༣ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །བོད་ཀྱི་ཟློས་གར་ཚོགས་པ་ནས་ཕྱི་ལོ་ ༢༠༡༥ ཟླ་ ༣་ཚེས་ ༡༡ ཉིན་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། བོད་ཀྱི་ཟློས་གར་ཚོགས་པ་ནས་གསར་འགོད་པ་ལྷན་རྒྱས་དང། གཞིས་བྱེས་བོད་མི། ཞི་བདེ་ལ་དགའ་བའི་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་བཅས་ལ་བོད་རྒྱལ་ལོ་ ༢༡༤༢ རབ་བྱུང་ ༡༧ ཤིང་མོ་ལུག་གནམ་ལོ་གསར་དུ་བཞད་པ་དང་། སྐུའི་གྱ་སྟོན། བྱེས་སུ་ཞོ་སྟོན་སླར་གསོ་ཞུས་ཏེ་བགྲང་བྱ་ ༢༠ འཁོར་བའི་དུས་ཆེན་གསུམ་འཛོམས་ཀྱི་རྟེན་འབྱུང་དགའ་སྟོན་ལ་མཛའ་བརྩེའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།
དེ་རིང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གུས་པ་སྐབས་གཞི་དཔེ་ཟུར་དབང་འདུས་ཚེ་རིང་ནས་གུས་བརྩེ་དང་དགའ་སྤོབས་ལྡན་པའི་ངང་གསལ་བསྒྲགས་ཞུ་རྒྱུར། དེ་ཡང་བོད་གངས་ཅན་ཆོས་ལྡན་གྱི་ཞིང་དུ་ཆོས་དང་རིག་པའི་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་པ་མང་དུ་ཡོད་པའི་ཡ་གྱལ་འཁྲབ་སྟོན་སྒྱུ་རྩལ་ཁོངས་ལྷ་མོའི་སྒྱུ་རྩལ་ནི། དུས་རབས་བཅུ་བཞི་པའི་ནང་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་གསར་གཏོད་མཛད་པ་ནས་བོད་དུ་ས་དར་རྡོ་དར་བྱུང་བའི་ཐུན་མོང་མ་ཡིན་པའི་ཕུལ་བྱུང་གྱི་སྒྱུ་རྩལ་དམིགས་བསལ་ཅན་ཞིག་ཡིན།
ཞོ་སྟོན་གྱི་གོ་དོན།
སྔོན་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེ་དར་བ་དང་། སྐྱབས་གནས་དགེ་འདུན་པ་རྣམས་དབྱར་གནས་སུ་བཞུགས་པའི་ཚེ་གསོལ་སྙོམས་སུ་ཕེབས་མི་དགོས་པར་སྦྱིན་བདག་རྣམས་ནས་བསྙེན་བཀུར་ཞུ་སྲོལ་ཡོད་པ་བཞིན། བོད་དུའང་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བདུན་པའི་གནམ་གང་བར་གསོ་སྦྱོང་དང་། དབྱར་གནས། དགག་དབྱེ་བཅས་གཞི་གསུམ་ཆོ་གའི་ནང་གསེས་དབྱར་གནས་ཞལ་བཞེས་ཀྱི་དུས་ཡིན། དབྱར་གནས་ལེགས་པང་གྲུབ་པ་དང་མཇུག་ཏུ་གྲ་དམངས་ལ་ཞོའི་བསྙེན་བཀུར་གྱི་སྟོན་མོ་དང་འབྲེལ། སྐྱེས་ཆེན་དམ་པའི་མཛད་རྣམ་བརྗོད་བྱར་བྱེད་པའི་ལྷ་གཞུང་འཁྲབ་སྟོན་དེ་ལྟར་བོད་ཟླ་བདུན་པའི་ཚེས་དགུ་ཉིན་དབྱར་གནས་ཞལ་བཞེས་ཀྱི་གྲ་མང་ལ་ཞོའི་བསྙེན་བཀུར་ཞུས་ནས་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད་པར་བརྟེན་འབྲས་སྤུངས་ཞོ་སྟོན་ཞེས་གྲགས་པ་དེ་བྱུང།
བོད་དུ་ཞོ་སྟོན་དར་ཚུལ།
བོད་དུ་ལྷ་མོའི་སྒྱུ་རྩལ་འདི་བཞིན་ཐོག་མར་དུས་རབས་བཅུ་བཞི་པའི་ནང་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་གསར་གཏོད་མཛད་པའི་ཕུལ་བྱུང་གི་སྒྱུ་རྩལ་ཞིག་ཡིན། དེའང་དུས་རབས་བཅོ་ལྔ་པའི་ནང་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་ནས་བོད་ཀྱི་ཆོས་སྲིད་ཟུང་དུ་འབྲེལ་བའི་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་གསེར་ཁྲི་མངའ་གསོལ་འབྲས་སྤུངས་ཀྱི་ཞོ་སྟོན་དང་བསྟུན་ནས་གཞུང་འབྲེལ་གྱི་མཛད་སྒོ་གལ་ཆེན་ཞིག་ཏུ་གྱུར། སྐབས་དེར་ལྷ་མོའི་འཁྲབ་སྲོལ་རྒྱང་མཁར་བ། སྐྱོར་མོ་ལུང་པ། འབྲི་གུང་པ། ཤངས་པ། གཅུང་པ། ཚལ་པ་སོགས་གྲགས་ཅན་གྱི་ལྷ་མོའི་ཚོགས་པ་ཁག་ནས་ནོར་བུ་གླིང་ཁའི་སྡིངས་ཆའི་སྟེང་མཉམ་འཛོམས་ཀྱིས་སྒྱུ་རྩལ་འཁྲབ་སྟོན་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཆེན་ཞིག་ཡིན།
བྱེས་སུ་ཞོ་སྟོན་སླར་གསོ།
ཕྱི་ལོ་ ༡༩༥༩ ལོར་བོད་རྒྱ་ནག་གིས་བཙན་བཟུང་བྱས་རྗེས། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་། མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་བཀྲིན་ལ་བརྟེན་ནས་བོད་ཀྱི་རིག་གཞུང་གི་བསྟི་གནས་བོད་ཀྱི་ཟློས་གར་ཚོགས་པ་འདི་བཞིན་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་གསརའཛུགས་བཀྲིན་ཆེ་བསྟུན་ཞོ་སྟོན་སླར་གསོ་ཞུས་པ་དང། ཕྱི་ལོ་ ༡༩༩༣ ལོར་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་དགོངས་བཞིན་བཞུགས་སྒར་དུ་དབུས་ས་གཉིས་ཕྱོགས་ནས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐོག་མ་དེ་སྲུང་བརྩི་ཞུས་ཏེ་ད་བར་བོད་ཀྱི་ཟློས་གར་ཚོགས་པས་དབུས་པས་བོད་མིའི་འདུ་སྡོད་ཁག་ཏུ་ལྷ་མོའི་ཚོགས་པ་ཁག་དགུ་ཡོད་མུས་ཐོག། འདི་ལོ་ཀོ་ལེ་གྷལ་དོན་ལྡན་གླིང་དང་། བལ་ཡུལ་ཤ་ཝ་ར། ཅོན་ཏ་ར་བོད་ཁྱིམ་བཅས་ཀྱི་ལྷ་མོའི་ཚོགས་པ་གསར་འཛུགས་དང་འབྲེལ་འདི་ལོ་ལྷ་མོའི་ཚོགས་པ་གྲངས་བཅུ་གཉིས་ནས་མཉམ་བཞུགས་ཀྱིས་ཞོ་སྟོན་འཁྲབ་སྟོན་རྒྱས་པ་ཞུ་འཆར་ཡིན།
འདི་ལོ་བཙན་བྱོལ་དུ་ཞོ་སྟོན་རྒྱས་པ་སླར་གསོ་ཞུས་ཏེ་བགྲང་བྱ་ ༢༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༧ ཉིན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀྲིན་བསྐྱང་རྒྱུའི་བཀའ་བཞེས་ཟབ་མོ་ཐོབ་པར་བོད་ཀྱི་ཟློས་གར་ཚོགས་པ་དང་ཕྱོགས་མཐའ་ནས་ཕེབས་པའི་ལྷོའི་ཚོགས་པ་ཁག་གི་ཚབ་ཞུས་ཏེ་སོར་བཅུའི་འདབ་མ་སྙིང་ཁར་བཀོད་དེ་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང། ད་བར་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་དེ་དག་གོང་འཕེལ་ཇི་བྱུང་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་འོད་ཟེར་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་གོ་སྐབས་འདི་དང་བསྟུན་ན་ཐུགས་རྗེ་བཀྲིན་བླ་ལྷག་ཏུ་ཆེ་ཞུ།
འདི་ལོའི་ཞོ་སྟོན་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༧ ནས་ ཟླ་ ༤ ཚེས་ ༥ བར་ཉིན་བཅུའི་རིང་འཁྲབ་སྟོན་ཞུ་རྒྱུའི་འཁྲབ་གཞུང་གཤམ་གསལ།
ཟླ་ཚེས། | འཁྲབ་སྟོན་ཚོགས་པ། | འཁྲབ་གཞུང་། |
༢༠༡༥།༣།༢༧ | ལྷ་ཚོགས་ཡོངས་ནས་གཟིགས་ཕུད་འབུལ་རྒྱུ། | དབུ་འབྱེད་མཛད་སྒོ། |
༢༠༡༥།༣།༢༨ | མ་སུ་རི་ལྷོ་མོའི་ཚོགས་པ། | མཁན་སློབ་ཆོས་གསུམ། |
༢༠༡༥།༣།༢༩ | ཀ་སྦུག་ལྷོ་མོའི་ཚོགས་པ། | གཟུགས་ཀྱི་ཉི་མ། |
༢༠༡༥།༣།༣༠ | མོན་གྷོ་ལྷོ་མོའི་ཚོགས་པ། | སྣང་ས་འོད་འབུམ། |
༢༠༡༥།༣།༣༡ | ཨོ་རི་ས་ཕུན་ཚོགས་གླིང་ལྷོ་མོའི་ཚོགས་པ། | པད་མ་འོད་འབར། |
༢༠༡༥།༤།༡ | བྷན་རྡ་ར་ཆོལ་གསུམ་ལྷོ་མོའི་མཐུན་ཚོགས། | འགྲོ་བ་བཟང་མོ། |
༢༠༡༥།༤།༢ | སྦེལ་ཀོབ་ལྷོ་མོའི་ཚོགས་པ། | ཇོ་བོ་རྗེ་དཔལྡན་ཨ་ཏི་ཤ། |
༢༠༡༥།༤།༣ | མན་སྤར་ལྷོ་མོའི་ཚོགས་པ། | རྒྱལ་པོ་འཇིག་རྟེན་དབང་ཕྱུག། |
༢༠༡༥།༤།༤། | བལ་ཡུལ་ལྷོ་མོའི་ཚོགས་པ། | ལྕགས་ཟམ་པ། |
༢༠༡༥།༤།༥ | བོད་ཀྱི་ཟློས་གར་ཚོགས་པ། | སྟོན་པའི་མཛད་རྣམ། |
བཅས་རིམ་བཞིན་རང་རེའི་ཕ་མེས་ཀྱི་རིག་གཞུང་བཟང་པོ་ཁག་མི་ཉམས་རྒྱུན་འཛིན་གྱིས་སྐྱེས་འགྲོ་ཀུན་ལ་ཕན་པའི་བསམ་པ་བཟང་པོས་ཀུན་ནས་བླངས་ཏེ་བོད་ཀྱི་ཞོ་སྟོན་སྲུང་བརྩི་དང་འཁྲབ་སྟོན་ཞུ་རྒྱུ་དེའང།་ རང་ཅག་རྣམས་ལ་བཀྲིན་ཞལ་ཟླ་བྲལ་བ་འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གྱ་སྟོན་སོགས་རྟེན་འབྲེལ་གསུམ་འཛོམས་ཀྱི་སྐལ་བཟང་དུས་ཆེན་དང་བསྟུན་བཀྲིན་རྗེས་དྲན་ཞུ་ཕྱིར་རིན་མེད་གཟིགས་འབུལ་ཞུ་རྒྱུ་ལགས་ན། གནའ་བོའི་དུས་ཆེན་ཁྱད་པར་ཅན་འདིར་སྐུ་མགྲོན་གཙོས་རྒྱ་ཆེའི་མང་ཚོགས་གང་མང་མཉམ་བཞུགས་ཀྱིས་མིག་ཡིད་རྣ་བའི་དགའ་སྟོན་ཟད་མི་ཤེས་པའི་དཔལ་ལ་རོལ་ཆེད་ཕེབས་གནང་ཡོང་བའི་གསར་འགོད་གསལ་བསྒྲགས་སུ། །