༢༠༡༥ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་དི་ཀེ་ཇི་རི་ཝལ་ Mr. Arvind Kejriwal མཆོག་དང་བློན་ཆེན་གཞོན་པ་སྐུ་ཞབས་མ་ནི་ཤི་སི་སོ་ཌི་ཡ་ Mr. Manish Sisodia མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མཛད་ནས་ཆུ་ཚོད་ཕྱེད་ཙམ་རིང་བཀའ་མོལ་མཛད་འདུག སྐབས་དེར་དབུ་ཁྲིད་རྣམ་གཉིས་ཀྱིས་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་དང་། དབུལ་ཕྱུག་གི་བར་ཁྱད། དེ་བཞིན་ཕོ་མོའི་དབྱེ་འབྱེད་སོགས་ཀྱིས་གཙོས་དཀའ་ངལ་མང་དག་གཅིག་ཡོད་པ་རྣམས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སྐོར་བཀའ་བསྡུར་མཛད། མཇལ་འཕྲད་གྲུབ་བསྟུན་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་དང་བློན་ཆེན་གཞོན་པ་མཆོག་རྣམ་གཉིས་ཀྱིས་གསུང་དོན་ལྟར་ན། འཛམ་གླིང་ཀུན་གྱིས་དད་གུས་ཧ་ཅང་ཆེན་པོ་ཞུ་ཡུལ་ཆེས་སྙན་གྲགས་ཅན་གྱི་རླབས་ཆེན་གྱི་དབུ་ཁྲིད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེངས་འདིར་མཇལ་འཕྲད་བྱུང་བ་ནི་ང་ཚོའི་རྨིས་ལམ་མངོན་སུམ་དུ་བྱུང་བ་ལྟ་བུའི་ཚོར་སྣང་བྱུང་། ཞེས་གསུང་འདུག་པ་མ་ཟད།
དེ་རྗེས་མི་དཀྱུས་མའི་ཚོགས་པ་ Aam Aadmi Party ཟེར་བའི་དབུ་ཁྲིད་རྣམ་གཉིས་ཀྱི་ཆབ་སྲིད་ཚོགས་པ་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། གསལ་བསྒྲགས་དེའི་ནང་ཐེངས་འདིར་༸གོང་ས་མཆོག་གིས་མི་དཀྱུས་མིའི་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་མཆོག་དང་མཇལ་འཕྲད་སྐབས། མི་དཀྱུས་མའི་ཚོགས་པ་ཟེར་བས་རྒྱ་གར་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་ཐོག་གདོང་ལེན་ཤུགས་ཆེ་བྱས་པ་དེར་བསྔགས་བརྗོད་མཛད་པ་ལུང་འདྲེན་གནང་དོན། ལྐོག་ཟ་རུལ་སུངས་ནི་འཚེ་བའི་ལས་ཤིག་ཡིན་པར་བརྟེན་ངེས་པར་དུ་ང་ཚོས་དེར་གདོང་ལེན་བྱེད་དགོས། རྒྱ་གར་ཡུལ་ནི་འཛམ་གླིང་ནང་ཆོས་ལུགས་རིས་མེད་དང་མང་གཙོའི་ལམ་ལུགས་ཕུལ་དུ་བྱུང་བ་ཞིག་ཡོད་པའི་རྒྱལ་ཁབ་གཅིག་ཆགས་ཡོད། ཆོས་ལུགས་རིས་མེད་བརྗོད་སྐབས་ཆོས་ཁས་ལེན་མིན་གང་ཡིན་ཁྱད་པར་མེད་པར་མི་ཚང་མར་གུས་བརྩི་ཞུ་བཞིན་ཡོད། ཅེས་སོགས་བཀའ་སློབ་ལམ་སྟོན་ཕེབས་ཡོད་གསུངས་ཡོད།