༢༠༡༥ ཟླ་ ༣ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༣ ཉིན་སིངྒ་པུར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ལི་ཀ་ཝན་ཡིའུ་ Lee KwanYew མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་༸གོང་ས་མཆོག་གིས་དམ་པ་ཁོང་གི་སྲས། ད་ལྟའི་སྲིད་བློན་ལས་ཐོག་སྐུ་ཞབས་ལི་ཤེན་ལུང་ Lee Hsien Loong མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་འཁོད་དོན།
ངོས་ཀྱིས་སྐུ་ཉིད་མཆོག་དང་ནང་མི་ལྟོས་བཅས། དེ་བཞིན་སིངྒ་པུར་གྱི་མི་མང་རྣམས་ལ་སེམས་གསོ་དང་སྦྲགས། གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། དམ་པ་ཁོང་གིས་ཕུགས་རྒྱང་རིང་པོའི་འཆར་སྣང་དང་ཆོད་སེམས་བརྟན་པོའི་ཐོག་ནས་སིངྒ་པུར་འདི་བཞིན་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཡར་ཐོན་ཅན་ཞིག་ཏུ་བསྐྲུན་ནས་ཡུལ་དེའི་ཤེས་ཡོན་ལམ་ལུགས་དང་མི་རིགས་མཐུན་སྒྲིལ། ཞི་བདེ་གོང་འཕེལ་སོགས་ཁྱད་ཆོས་དེ་དག་སྲུང་སྐྱོབ་ཆེད་གཟེངས་སུ་ཐོན་པའི་ཞབས་འདེགས་བསྒྲུབས་ཡོད། ཁྱད་ཆོས་དེ་དག་ནི་ཡུལ་དེའི་མི་སེར་ཚོས་སྤོབས་པ་བྱ་ཡུལ་ཙམ་མ་ཟད། འཛམ་གླིང་མི་མང་གིས་མིག་དཔེར་གྱུར་ཡོད། དེར་བརྟེན་ ཁྱད་ཆོས་དེ་དག་སྲུང་སྐྱོབ་བྱ་རྒྱུ་དེ་དམ་པ་ཁོང་ལ་བཀའ་དྲིན་རྗེས་དྲན་ཡག་ཤོས་དེ་ཆགས་ཡོད། ཅེས་འཁོད་ཡོད།།