༢༠༡༥ ཟླ་ ༣ ཚེས་ ༢༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༧ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༠ པའི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱངས་སྐབས་སྦི་སྦི་སིའི་གསར་འགོད་པ་དང་རྒྱ་གར་གྱི་གསར་འགོད་པ་བཅས་ཀྱི་དྲི་བར་བཀའ་ལན་སྩལ། དེ་ཡང་༸གོང་ས་མཆོག་གིས་སྦི་སྦི་སིའི་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་དོན། ང་ཚོ་བོད་མི་རང་ཉིད་ལ་སྲོལ་རྒྱུན་ནས་དར་བའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཞིག་ཡོད་པ་དེར་རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེར་ན། བོད་སྐད་ནང་ཕབ་བསྒྱུར་ཞུས་པའི་བཀའ་འགྱུར་བསྟན་འགྱུར་པོད་གསུམ་བརྒྱ་ཙམ་ཡོད་པ་དེ་དག་ཕལ་ཆེ་བ་རྒྱ་གར་ལེགས་སྦྱར་དང་པཱ་ལིའི་སྐད་ནས་ཕབ་བསྒྱུར་ཞུས་པ་རེད། དེར་བརྟེན་དེང་སྐབས་དཔལ་ནཱ་ལེཎྜའི་སྲོལ་རྒྱུན་གཞི་རྩར་གྱུར་བའི་ནང་ཆོས་ཆ་ཚང་བ་ཞིག་ལ་སློབ་སྦྱོང་བྱེད་དགོས་ན་བོད་བརྒྱུད་ནང་བསྟན་ཁོ་ན་ལས་མེད། དེ་ནི་བོད་མི་ཙམ་མ་ཟད། དེང་སྐབས་རྒྱ་རིགས་ཆོས་གྲོགས་ཕོ་མོ་ཚོས་ཀྱང་དོ་སྣང་བྱེད་བཞིན་ཡོད། སྤྱིར་ཆོས་བྱེད་དང་མ་བྱེད་ཟེར་བ་དེ་མི་སྒེར་གྱི་གནད་དོན་ཞིག་ཡིན། བོད་མིའི་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་ཞི་བདེ་དང་འཚེ་བ་མེད་པའི་བསམ་ཚུལ་གཙིགས་ཆེར་འཛིན་རྒྱུའི་གོམས་གཤིས་དེ་དག་བོད་བརྒྱུད་ནང་བསྟན་ནས་བྱུང་བ་ཞིག་ཡིན། ཞི་བདེ་དང་འཚེ་བ་མེད་པའི་ལྟ་སྒྲུབ་ལ་དེང་སྐབས་ཚང་མར་ཁེ་ཕན་ཡོད་པ་གཅིག་ཆགས་ཡོད། ནང་ཆོས་ནང་གཞན་གཅེས་པར་འཛིན་དགོས་པ་གསུང་ཡོད། གཞན་བརྗོད་སྐབས་འགྲོ་བ་མི་ཙམ་མིན་པར་སྣོད་གཅུད་གཉིས་ཀར་བསམ་བློ་གཏོང་དགོས་པར་བརྟེན་ཁོར་ཡུག་དང་འབུ་སྲིན་ཚུན་ཆད་ཚང་མའི་བདེ་དོན་ལའང་བསམ་བློ་གཏོང་དགོས། གང་ཡིན་བརྗོད་ན་དེང་སྐབས་གོ་ལའི་ཚ་དྲོད་རྒྱས་པ་དེས་མི་ལས་དུས་འགྲོ་དེ་དག་ལ་དཀའ་ངལ་ཆེ་བ་འཕྲད་བཞིན་ཡོད། ང་ཚོ་བོད་མི་ཚོ་བཙན་བྱོལ་བ་ཆགས་མ་ཐག་རིག་གཞུང་དེ་གཅེས་འཛིན་བྱ་རྒྱུར་འབད་བརྩོན་གྱིས་བོད་མིའི་མི་རབས་གཞོན་པ་རྣམས་ལ་གནའ་དེང་ཟུང་འབྲེལ་ཐོག་ནས་སློབ་གསོ་སྤྲོད་ཐབས་བྱས་ཡོད། འདི་ག་ཞོ་སྟོན་འདི་ཡང་རིག་གཞུང་དེའི་ཆ་ཤས་ཤིག་ཆགས་ཡོད། ངོས་རང་སྒེར་ལ་མཚོན་ན་ཆུང་དུས་སྐབས་ཞོ་སྟོན་མཛད་སྒོར་དགའ་མོས་ཆེན་པོ་ཡོད། གང་ཡིན་བརྗོད་ན་སྐབས་དེར་ངོས་རང་ཨ་མ་ལགས་དང་མཇལ་རྒྱུའི་གོ་སྐབས་ཡོད་པ་མ་ཟད ། ཉིན་ལྔའི་རིང་གུང་སེང་ཡིན། དེང་སྐབས་སུའང་བོད་མི་གཞོན་སྐྱེས་ཚོས་ཞོ་སྟོན་ལ་དགའ་མོས་བྱེད་པ་མཐོང་སྐབས་ངོས་རང་དགའ་པོ་ཡོང་གི་འདུག ཅེས་བཀའ་ལན་སྩལ།
དེ་བཞིན་༸གོང་ས་མཆོག་གིས་རྒྱ་གར་གྱི་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་དོན། དཔལ་ནཱ་ལེཎྜའི་སྲོལ་རྒྱུན་ནས་དར་བའི་ནང་པའི་རྟེན་འབྲེལ་གྱི་རྣམ་གཞག་འདི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་གལ་ཆེན་པོ་ཞིག་ཆགས་ཡོད། སངས་རྒྱས་ཀྱིས་རྟེན་འབྲེལ་རྣམ་གཞག་གསུང་པ་དེ་དག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱ་ཆེར་གསལ་བར་མཛད་ཡོད། དེང་སྐབས་འཛམ་གླིང་གི་གནས་སྟངས་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པ་ཆགས་ཡོད། དེར་བརྟེན་རྟེན་འབྲེལ་གྱི་རྣམ་གཞག་འདི་དང་འབྲེལ་བ་ཧ་ཅང་ཆགས་ཡོད་པ་མ་ཟད། གནས་སྟངས་འདིའི་ཐོག་ནས་ང་ཚོ་ཚང་མར་འགྲོ་བ་མིའི་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་སྲ་བརྟན་ཡོང་འགྱུར་ཕན་ཐོགས་ཧ་ཅང་ཡོད། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲགས་པ་དང་། ཆགས་སྡང་འཁོན་འཛིན་སོགས་བློ་མ་རུངས་པ་དེ་དག་ལས་བྱུང་བ་རེད། གལ་ཏེ་ང་ཚོས་འགྲོ་བ་མི་རིགས་ཀྱི་ཁྱིམ་ཚང་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པ་དེ་ཤེས་པ་ཡིན་ན་ཕན་ཚུན་དགྲར་ལྟ་བའི་བསམ་ཚུལ་དེ་རང་བཞིན་གྱིས་མེད་པ་ཆགས་རྒྱུ་རེད། ལྷག་པར་དེང་སྐབས་ཚན་རིག་པ་མང་པོ་ཞིག་གིས་རྟེན་འབྲེལ་གྱི་རྣམ་གཞག་ལ་རང་བཞིན་གྱི་ཡིད་འཕྲོག་འགྲོ་བཞིན་ཡོད། བོད་དུ་རྒྱ་གར་ནས་སངས་རྒྱས་ཀྱི་ཆོས་དར་བར་བརྟེན་རྒྱ་གར་ནི་ང་ཚོས་བླ་མ་དང་ང་ཚོ་རྒྱ་གར་གྱི་སློབ་མ་ཡིན། ཞེས་ངོས་ཀྱིས་རྒྱུན་དུ་བརྗོད་ཀྱི་ཡོད། བོད་མི་ཚོས་རྒྱ་གར་ནས་དར་བའི་སངས་རྒྱས་ཀྱི་ཆོས་དེ་དག་འཛིན་སྐྱོང་སྤེལ་གསུམ་ཚུལ་བཞིན་བྱས་པར་བརྟེན་ང་ཚོ་སློབ་མ་ཚད་ཐུབ་གཅིག་ཡིན། ཞེས་ཤོད་ཀྱི་ཡོད། ཅེས་བཀའ་ལན་སྩལ་བ་མ་ཟད། བོད་ཀྱི་ལྷ་མོའི་འཁྲབ་གཞུང་སྐོར་བཀའ་སློབ་སྩལ་དོན། འཁྲབ་གཞུང་ཚན་པ་ཁག་གཅིག་སྟོན་པའི་སྐྱེས་རབས་ལས་བསྟུས་ཡོད། སྟོན་པ་མངོན་པར་རྫོགས་པ་སངས་མ་རྒྱས་བར་བྱང་ཆུབ་སེམས་པའི་སྤྱོད་པ་ལ་སློབ་པའི་སྐབས་ཀྱི་མཛད་རྣམ་ཡིན། བྱང་ཆུབ་སེམས་པས་གཞན་དོན་དུ་བློས་གཏོང་གནང་བའི་མཛད་པ་དེ་དག་མཇལ་སྐབས་རང་དབང་མེད་པར་མིག་ནས་མཆི་མ་འཛགས་རྒྱུ་རེད། ཅེས་བཀའ་ལན་སྩལ།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་གཞིས་ཆགས་འདྲ་མིན་ནས་ལྷ་མོའི་དགེ་རྒན་ཁག་གཅིག་མཇལ་བཅར་ཞུས་པ་རྣམས་ལ་བཀའ་སློབ་སྩལ་དོན། ལྷ་མོའི་འཁྲབ་གཞུང་འདི་བོད་མིའི་ཐུན་མིན་རིག་གཞུང་ཞིག་རེད། དེར་བརྟེན་ཁྱེད་ཚོས་དཀའ་ངལ་འཛེམས་མེད་ཐོག་རིག་གནས་འདི་གསོན་པོར་གནས་ཆེད་འབད་བརྩོན་ཆེན་པོ་གནང་བར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རང་ནས་དར་གསོ་བྱུང་བའི་ལྷ་མོའི་འཁྲབ་གཞུང་དེ་དག་ཐོག་དེང་སྐབས་ནུབ་ཕྱོགས་ནས་དར་བའི་གཏམ་བརྗོད་དང་འཁྲབ་ཚན་རིགས་འགའ་ཞིག་གསར་སྣོན་བྱ་རྒྱུའི་ཐོག་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོད། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཁྲབ་སྟོན་བྱེད་སྐབས་བོད་མི་དང་བོད་དོན་སྐོར་དྲིལ་བསྒྲགས་རྒྱ་ཆེ་སྤེལ་རྒྱུའི་གོ་སྐབས་ཀྱང་ཡོད། ཅེས་བཀའ་སློབ་སྩལ།
ཉིན་དགུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་ལྷ་མོའི་འཁྲབ་སྟོན་པ་ཕྱོགས་མཐའ་ཁག་ནས་བཅར་བ་རྣམས་དང་ལྷན་སྐུ་པར་སྒྲོན། དེ་རྗེས་༸གོང་ས་མཆོག་གིས་ལྷ་མོ་འཁྲབ་སའི་དོ་རར་ཆིབས་སྒྱུར་བསྐྱངས་ཏེ་མ་སུ་རི་བུ་ཁྱིམ་སློབ་མ་རྣམས་ཀྱིས་མཁན་སློབ་ཆོས་གསུམ་གྱི་ལྷ་མོའི་འཁྲབ་གཞུང་ལ་ཐུགས་ཞིབ་མཛད་པ་མ་ཟད། འཁྲབ་སྟོན་པ་གསུམ་ལ་མཇལ་དར་ཡང་གསོལ་སྩལ་མཛད་རྗེས་ཞུགས་གནས་ཕོ་བྲང་དུ་ཆིབས་ཞལ་བསྒྱུར།།