ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༣ རེ་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་ནཱ་རོའི་སྒྲུབ་སྡེ་རུ་ཆིབས་སྒྱུར་བསྐྱངས་ཏེ་ནཱ་རོ་ཆོས་དྲུག་དང་འབྲེལ་བའི་རྩ་རླུང་གི་ཉམས་ལེན་ལ་གཟིགས་ཞིབ་མཛད་གྲུབ་བསྟུན་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་སྤོས་སྣེས་སྔོན་བསུས་ཏེ་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་འདུ་ཁང་དུ་གདན་ཞུས་ཀྱི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སེར་སྐྱ་མི་མང་དང་། སློབ་ཕྲུག་སོགས་དད་ལྡན་ཆོས་ཞུ་བ་ ༨༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། དེ་རིང་གཙོ་བོ་ཆོས་འབྲེལ་བྱེད་རྒྱུ་རེད། དགེ་འདུན་རབ་བྱུང་ཕོ་མོ་ཚོ་དང་། མི་མང་། ལྷག་པར་འདི་གར་འཁྲིས་སུ་སློབ་གྲྭ་ཡོད་པར་བརྟེན་སློབ་ཕྲུག་མང་པོ་ཞིག་འདུག ཁ་སང་རིན་པོ་ཆེས་དབང་ཆེན་གཅིག་དང་ཕལ་ཆེར་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་ཡོང་བ་གསུང་བྱུང་། དབང་ཞུ་རྒྱུ་དེ་ཡུན་རིང་པོ་གང་ཙམ་བགོར་རྒྱུ་ཞིག་རེད།
སྔོན་ལ་ངས་སྒྲུང་ཞིག་བཤད་ཀྱི་ཡིན། སྔ་མོ་བོད་ཨ་མདོའི་ཁུལ་དུ་བླ་མ་རྩ་ཆེན་པོ་ཞིག་ཡོད། ཁོང་དགུང་ལོ་མཐོ་པོ་ཡིན་པ་དང་། ཁོང་བཞུགས་ཡུལ་ནས་ཕྲན་བུ་ས་ཐག་རིང་བའི་སར་ཡོད་པའི་དགོན་པ་ཞིག་གིས་གསུང་ཆོས་གནང་རོགས་གནང་ཞེས་གདན་འདྲེན་ཞུས་པ་རེད། བླ་མས་ང་ལོ་མཐོ་པོ་རེད། གསུང་ཆོས་ཆེད་ཡོང་ཐུབ་ཀྱི་མ་རེད་གསུང་པ་རེད། དེ་ནས་གདན་འདྲེན་ཞུ་མཁན་ཚོས་བླ་མ་ཉིད་དགུང་ལོ་མཐོ་པོ་རེད་ཐུགས་ཁག་ཁྱོན་ནས་མེད། གསུང་ཆོས་གནང་མ་ཐུབ་ནའང་ཕྱག་དབང་བྱིན་རླབས་ཤིག་གནང་ཆེད་ཁྱུག་ཙམ་ཕེབས་རོགས་ཞུས་པ་རེད། དེ་ནས་བླ་མས་འགྲིག་གི་རེད་ངས་བསླེབ་ཡོང་གསུངས་ནས་ཕེབས་ཏེ་གསུང་ཆོས་ཡག་ཐག་ཆོད་གནང་རྗེས་བླ་མས་ང་སྡུག་བདེན་གྱི་ལག་པ་མགོ་བོར་བཞག་ནས་གྲོགས་སྟེར་མཁན་དེ་མིན། སངས་རྒྱས་ཀྱི་ཆོས་ཇི་ལྟར་ཇི་སྲིད་ཉམས་སུ་ལེན་པའི་ཚུལ་འགྲེལ་བཤད་བརྒྱབ་ནས་ས་དང་ལམ་བགྲོས་ནས་སངས་རྒྱས་ཀྱི་སར་འགྲོ་མཁན་ཡིན་མ་གཏོགས་སྡུག་བདེན་གྱི་ལག་པ་མགོ་བོར་བཞག་ནས་བྱིན་རླབས་ཀྱི་ཐོག་ནས་སངས་རྒྱས་ཀྱི་རེད་ཟེར་མཁན་དེ་འདྲ་མིན། ཞེས་གསུང་པ་རེད། འདི་དངོས་བདེན་རེད།
བཅོམ་ལྡན་འདས་ཀྱིས་ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་གྱུར། ། ཞེས་གསུངས་ཡོད། ཁ་རི་ཁ་ཐུག་ཞུས་པ་ཡིན་ན་བོད་པའི་སྤྱི་ཚོགས་ནང་མང་པོ་ཞིག་གིས་སངས་རྒྱས་ཀྱི་ཆོས་འདི་ག་འདྲ་ཡིན་པ་ཤེས་ཀྱི་མི་འདུག སྐྱབས་སུ་འཆི་བརྗོད་རྒྱུ་ཙམ་མ་གཏོགས་མི་འདུག སྐྱབས་སུ་འགྲོ་སྟངས་དེའང་ངའི་བདེ་སྡུག་ཆ་ཚང་ཁྱེད་ཀྱི་ཕྱག་ཏུ་ཡོད་ཟེར་རྒྱུ་འདྲ་བོ་དེ་འདྲ་འདུག འདི་སངས་རྒྱས་ཀྱི་ཆོས་དང་ཡོངས་སུ་འགལ་བ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ན། རང་གི་སྐྱབས་ལ་ངའི་བདེ་སྡུག་ཆ་ཚང་ཁྱེད་ཀྱི་མཁྱེན་བརྗོད་ན་འགྲིག་གི་ཡོད། འཇིག་རྟེན་བཀོད་པ་པོས་ང་ཚོ་ཚང་མ་བཀོད་པ་རེད། ང་ཚོའི་བདེ་སྡུག་ཚང་མ་ཁོང་གི་ཕྱག་ཏུ་ཡོད་པ་ཟེར་གྱི་ཡོད་ཀྱང་། སངས་རྒྱས་པའི་ཆོས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་གསུངས་པ་མ་གཏོགས་བཅོམ་ལྡན་འདས་འཇིག་རྟེན་བཀོད་པོ་ཡིན་གསུང་གི་མེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚོ་ཧ་ཅང་ཡག་པོ་རེད། ཕན་གྱི་ཡོད་པས་འགྲིག་པ་རེད། ང་ཚོས་ཇུས་གཏོགས་བྱེད་རྒྱུ་མེད། སངས་རྒྱས་པ་རང་གི་ཆོས་ལུགས་ཐོག་ནས་བཤད་པ་ཡིན་ན། འཇིག་རྟེན་བཀོད་པ་པོ་འདོད་པ་ཡིན་ན་འགྲིག་མིན་མང་པོ་ཡོད་པ་གསུང་བཞིན་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གལ་ཆེན་པོ་བྱས་ནས་ང་ཚོའི་སྡུག་བསྔལ་དེ་བག་ཆགས་ཀྱིས་སེལ་བ་མེད་པ་དང་། སྡུག་བསྔལ་གྱི་རྒྱུ་སྡིག་པ་དེ་ཆུ་ཡིས་འཁྲུད་རྒྱུ་མེད་པ་གསུངས་ཡོད།
མཚམས་འདིར་༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་ཚེ་དབང་བསྩལ་རྒྱུའི་ཆེད་སྒྲུབ་བཞག་མཛད། དེ་ནས་སྒྲུབ་བཞག་མཛད་གྲུབ་མཚམས་མུ་མཐུད་བཀའ་སློབ་སྩལ་དོན། ཆོས་ལུགས་ཚང་མར་མཐུན་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སྔ་མོ་ཡིན་ན་ཆོས་བརྒྱུད་སོ་སོས་ཆོས་བརྒྱུད་གཅིག་བསྟན་པ་གཅིག་བྱས་ནས་འགྲོ་བཞིན་ཡོད་ཀྱང་། དེ་རིང་ཁ་སང་ཆོས་དུ་མ་དང་། བསྟན་པ་དུ་མ་ཟེར་བའི་དུས་སྐབས་ཤིག་སླེབ་ཡོང་གི་ཡོད་ལ། རིམ་གྱིས་ཆོས་བརྒྱུད་ཕན་ཚུན་བར་མཐུན་པོ་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་བ་ཞིག་ཏན་ཏན་རེད་འདུག བོད་པ་རང་ཉིད་ལ་ཆ་བཞག་ནའང་། ཆོས་བརྒྱུད་ཕན་ཚུན་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག
འཛམ་བུ་གླིང་འདིའི་སྒང་ལ་ཆོས་དད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་པ་དེ་ཧ་ཅང་ཐབས་སྐྱོ་བོ་རེད། བོད་པའི་ལོ་རྒྱུས་ལ་བསམ་བློ་ཞིག་བཏང་ནའང་། སྔ་མོ་དཔེར་ན། དགེ་ལུགས་པས་བཀའ་བརྒྱུད་དང་རྙིང་མར་བརྡུངས་པ་དང་། སྐབས་རེ་བཀའ་བརྒྱུད་དང་རྙིང་མས་དགེ་ལུགས་པར་བརྡུངས་ནས་དམག་བརྒྱབ་པའི་གནས་ཚུལ་བྱུང་ཡོད། མིང་ལའང་སེར་དམག་ཟེར་ནས་སེར་དམག་ཕབ་ཡོད་པ་རེད། ང་ཚོ་རྒྱ་གར་ནང་བསླེབས་པའི་དུས་ཡུན་ནང་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་ཚང་མ་ཕན་ཚུན་ངོ་ཤེས་དང་ནང་ཚགས་ཆགས་ནས་མཐུན་པོ་ཡོད་པ་དེ་ཧ་ཅང་ཡག་པོ་རེད། སྤྱི་ཡོངས་ཀྱི་རྙིང་མ། ས་སྐྱ། བཀའ་བརྒྱུད། བཀའ་གདམས། དགེ་ལྡན། ཇོ་ནང་། བོན་དང་བཅས་པ་སྔ་མོ་ཡིན་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ནང་པའི་ཆོས་ཐོག་མར་ཡོང་དུས་བོན་པོ་དང་འཁྲུག་པ་ཧ་ཅང་ཤོར་བ་རེད། རིམ་པས་ཐུའུ་ཀན་གྱིས་གསུང་པ་བཞིན་བོན་དང་ཆོས་འབྲེལ། ཆོས་དང་ཆོས་འབྲེལ་གསུང་པ་བཞིན། ཐུགས་མཐུན་ཁྲིམས་གཙང་ཆགས་ཡོང་གི་འདུག་ལ་ཆོས་བརྒྱུད་ཕན་ཚུན་ཚང་མ་སེམས་ཐག་ཉེ་བོ་ཆགས་ཡོང་གི་ཡོད་པ་དེ། ཧ་ཅང་ཡག་པོ་རེད།
ད་དུང་ཡང་ཆོས་བརྒྱུད་ཚང་མས་ཕན་ཚུན་ངོ་ཤེས་པ་ཙམ་མ་ཡིན་པར། ཆོས་བརྒྱུད་ཕན་ཚུན་གྱི་གཞུང་ལ་སློབ་སྦྱོང་དང་བགྲོ་གླེང་སོགས་བརྒྱུད་ནས་ཚང་མ་སྔར་ལས་སེམས་ཐག་ཉེ་བོ་ཡོང་ཐབས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་དང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་སྩལ་གྲུབ་མཚམས་མཁན་པོ་འཇམ་དབྱངས་བློ་གྲོས་ལགས་ཀྱིས་མཎྜལ་རྒྱས་བཤད་འབུལ་བ་སྔོན་དུ་འགྲོ་བས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་གཙོས་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་འདུས་མང་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེས་དགོངས་མ་ལུས་ལྷུན་གྱི་འགྲུབ་པའི་བརྟན་བཞུགས་བསྟར་འབུལ་ཞུས།།