༢༠༡༥ ཟླ་ ༣ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༡ ཉིན་ཕ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་ Strasbourg ཏུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ European Parliament ནང་ཇར་མན་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann མཆོག་གིས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ དང་སྟབས་བསྟུན། བོད་ནང་གི་དེང་སྐབས་ཛ་དྲག་ཅན་གྱི་གནས་སྟངས་སྐོར་གླེང་སློང་གནང་འདུག དེ་ཡང་སྐབས་དེར་ཁོང་གིས་བོད་ནང་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བཙན་འཛུལ་བྱས་པའི་རྗེས་འབྲས་སུ་ཉེས་མེད་ཀྱི་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་ཡོད་པ་རྣམས་ཐེངས་འདིར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་ཐེངས་ ༥༦ འཁེལ་བར་བརྟེན་ང་ཚོས་ངེས་པར་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་ཆེད་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་བྱེད་དགོས། ཞེས་གསུངས་འདུག
གཞན་ཡང་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ཇར་མན་གྲོང་ཁྱེར་ཧེ་སེན་ Hessen ནང་གི་གྲོང་ཁྱེར་གྱི་ཚོགས་ཁང་འདྲ་མིན་མང་པོའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ནས་བོད་མིའི་གསུམ་བཅུའི་དུས་དྲན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་འདུག དེ་ཡང་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་ཡུ་རོབ་གྲོས་ཚོགས་ནང་གསུང་དོན། ངོས་ཀྱི་ཇར་མན་གྲོང་ཁྱེར་ཧེ་སེན་ནས་འདི་གར་བོད་ཀྱི་རྒྱལ་དར་འཁྱེར་ནས་ཡོང་བ་ཡིན། ཡུ་རོབ་གྲོས་ཚོགས་འདི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གནང་མཁན་ཞིག་ཡིན། དེར་བརྟེན་ང་ཚོས་ཞི་བདེ་ལ་དགའ་བའི་མི་མང་དེ་དག་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སྤྲོད་དགོས་པའི་རེ་འདུན་འདོན་རྒྱུ་མ་ཟད། ཁོང་ཚོར་དྲག་གནོན་དང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས་པའི་རེ་འདུན་འདོན་རྒྱུ་ཡིན། ང་ཚོས་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་ ༡༣༦ རྣམས་དང་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་བརྒྱ་ཕྲག་མང་པོ་ཡོད་པ་རྣམས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་འདོན་རྒྱུ་ཡིན། ཞེས་འབོད་སྐུལ་གནང་འདུག
སྤྱིར་སྐུ་ཞབས་ཐོ་མ་སི་མན་མཆོག་ནི་ཉེ་ལམ་གསར་འཛུགས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ Tibet Interest Group ཞེས་པ་དེའི་ཚོགས་གཙོ་ཡིན་པ་དང་། ཚོགས་པ་དེའི་ནང་ཡུ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་ཚོགས་མི་ཡོད་འདུག སྐུ་ཞབས་ཐོ་མ་སི་མན་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ Tibet Interest Group ཞེས་པ་དེས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་འགོ་ཁྲིད་དབར་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་སྐྱར་གསོ་དགོས་པའི་རེ་འདུན་ཤུགས་ཆེ་འདོན་བཞིན་ཡོད་པ་དང་། བོད་མི་ཚོས་རང་གི་ཁྲིམས་མཐུན་གྱི་ཐོབ་ཐང་རྩོད་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་བོད་མི་ཚོས་ནོར་འཁྲུལ་རེད། ཅེས་ཁྲིམས་འགལ་ལ་བརྩིས་ཀྱི་ཡོད། ང་ཚོས་བོད་མིའི་ཆོས་དང་སྐད་ཡིག རིག་་གཞུང་གི་ངོ་བོ་སྲུང་སྐྱོབ་ཆེད་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། དཀའ་སྡུག་མྱོང་བཞིན་པའི་བོད་མི་དེ་དག་སྡུག་བསྔལ་ལས་མ་གྲོལ་བར་ང་ཚོས་ཆོད་སེམས་བརྟན་པོས་བོད་དོན་ཆེད་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།།