༢༠༡༥ ཟླ་ ༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༦ ཉིན་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་ས་གནས་ནས་གནས་ཚུལ་སྤེལ་བའི་ནང་འཁོད་དོན། ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཀེན་བྷེ་རར་ལོ་ལྟར་ National Multicultural Festival མི་རིགས་ཁག་གི་རིག་གཞུང་སྣ་འཛོམས་ཀྱི་དུས་སྟོན་ཚུགས་ཀྱི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ནས་ཚེས་ ༡༥ བར་ཉིན་གྲངས་གསུམ་རིང་གི་དུས་སྟོན་སྐབས་སྔ་ལོ་ལྟར་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་རིག་གཞུང་བསྟི་གནས་ཁང་དང་ས་གནས་བོད་རིགས་མཐུན་ཚོགས་མཉམ་ཞུགས་གནང་ཡོད། བསྟི་གནས་ཁང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཆོད་པ་ཁག་དང་། རླུང་དར་། དེ་བཞིན་གྱང་ངོས་སུ་དར་གོས་ཆེན་པོ་བརྒྱན་པའི་ཞལ་ཐང་སོགས་སྒྲིག་གཤོམ་བྱས་པའི་ནང་མེལ་བྷོན་ནས་སྐུ་ཞབས་ཐུབ་བསྟན་མཁས་གྲུབ་ལགས་གདན་ཞུས་ལྟར། རིག་གཞུང་དུས་སྟོན་སྐབས་ཁོང་གི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཡོད་ཅིང་། སྐབས་དེར་མི་དམངས་མང་པོས་དཀྱིལ་འཁོར་བཞེངས་སར་ཕེབས་ཏེ་ཧ་ཅང་དོ་སྣང་དང་བསྔགས་བརྗོད་གནང་བ་མ་ཟད་། མཆོད་རྫས་དང་དཀྱིལ་འཁོར་བཞེངས་པ་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ངོ་སྤྲོད་གང་ལེགས་ཞུ་ཐུབ་པ་བྱུང་ཡོད་།
སྐུ་ཚབ་དོན་གཅོད་ལས་ཁང་ནས་སྐབས་འདིའི་སྣ་འཛོམས་ཀྱི་དུས་སྟོན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་རྩོམ་ཕྱག་དེབ་ཁག་གི་མཚན་བྱང་དང་། བོད་དོན་དང་འབྲེལ་བའི་དྲ་རྒྱ་ཁག་གི་ཁ་བྱང་། དོན་གཅོད་ལས་ཁང་དང་རིག་གཞུང་བསྟི་གནས་ཁང་གི་ངོ་སྤྲོད་བཅས་པའི་འགྲེམ་ཤོག་འགྲེམས་སྤེལ་གནང་ཡོད།
ཀེན་བྷེ་རའི་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་རིགས་ཚོས་དུས་སྟོན་སྐབས་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་བོད་ཟས་ཚོང་འགྲེམས་ཀྱི་ལམ་ནས་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་བར་མང་ཚོགས་ནས་དོ་སྣང་དང་དགའ་མོས་ཆེན་པོ་གནང་ཡོད་ཅིང་། ABC དང་Australia Times སོགས་རླུང་འཕྲིན་དང་གསར་ཤོག་ཁག་ནང་གནས་ཚུལ་ཐོན་ཡོད།
རྒྱལ་ས་ཀེན་བྷེ་རར་ལོ་ལྟར་རིག་གཞུང་སྣ་འཛོམས་ཀྱི་དུས་སྟོན་སྐབས་ཨོ་སི་ཊོ་ལི་ཡར་གནས་སྡོད་མི་རིགས་ཡོངས་ནས་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་དང་ཞལ་ཟས་ཚོང་འགྲེམས་དང་། གཞས་སྣ་འཁྲབ་སྟོན་སོགས་གནང་གི་ཡོད། འདི་ལོའི་དུས་སྟོན་སྐབས་མི་གྲངས་འབུམ་གསུམ་ལྷག་གཟིགས་སྐོར་དུ་ཕེབས་ཡོད་པ་བཅས། །