ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༤ རེས་གཟའ་མིག་དམར།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱི་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡ ཉིན་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ (UTS) ཚན་རིག་ལག་རྩལ་གཙུག་ལག་སློབ་ཆེན་ནང་རྒྱ་རིགས་ལྷན་བོད་དོན་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་༸སྐུའི་ཚ་མོ་བསྟན་ཆོས་རྒྱ་མཚོ་ལགས་དང་། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས། ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནེ་རྒན་ལགས། སི་ཌི་ནིར་གནས་སྡོད་རྒྱ་རིགས་མཁས་པ་དང་རྩོམ་པ་པོ། ཤེས་ཡོན་ཅན། མང་གཙོ་དོན་གཉེར་བ། བོད་རིགས་གཞོན་སྐྱེས་ཁག་གཅིག་བཅས་ཁྱོན་མི་གྲངས་ ༥༠ ལྷག་ཚོགས་ཞུགས་ཐོག་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་སྟེ། དམིགས་བསལ་སྐུ་མགྲོན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་སྐབས་རང་ཉིད་ཕྱག་ལས་གནང་ཡུལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་བོ་དང་ལས་དོན་སོགས་ངོ་སྤྲོད་དང་། ཐེངས་འདིར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་བྷེ་རེ་སི་བྷེན་ནང་བོད་ཀྱི་དུས་སྟོན་གོ་སྒྲིག་ཚོགས་པས་གདན་ཞུས་ལྟར། ཨོ་སི་ཊོ་ལི་ཡ་ཁུལ་འཚམས་གཟིགས་སུ་ཕེབས་པ་དང་བསྟུན། སི་ཌི་ནི་ཁུལ་རྒྱ་རིགས་ལྷན་ཐུག་འཕྲད་དང་བོད་དོན་སྐོར་ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་བ་མ་ཟད། རྒྱ་རིགས་རྣམས་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་མུ་མཐུད་གནང་སྐྱོངས་ཡོང་བའི་འབོད་སྐུལ་སོགས་ཀྱི་གསུང་བཤད་གནང་།
དེ་ནས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་ཀྱིས་བོད་རྒྱའི་བགྲོ་གླེང་འདི་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ནི་ལོ་རྒྱུས་ལ་དཔྱད་པ་བྱེད་རྒྱུ་མིན་པར། ལོ་རྒྱུས་ཐོག་བོད་རྒྱ་གཉིས་དབར་རང་རང་སོ་སོའི་འགྲེལ་བཤད་རེ་ཡོད་པར་བརྟེན། བོད་ཀྱི་ལོ་རྒྱུས་ཐད་ལོ་རྒྱུས་མཁས་དབང་ཚོས་དཔྱད་པ་གནང་གི་རེད་ཅེས་དང་། ད་ཆ་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་མ་ཟད་རྒྱ་ནག་གཞུང་གིས་དུས་རྟག་ཏུ་གྲོས་མོལ་གྱི་སྒོ་མོ་ཕྱེ་ཡོད་ལུགས་བརྗོད་ཀྱི་ཡོད་རུང་། ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་བཙན་བྱོལ་བོད་མི་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་འབད་བརྩོན་གནང་བ་དང་། བོད་རྒྱ་གཉིས་དབར་ཐད་འབྲེལ་བསྐྱར་གསོའི་རྗེས་འབྲེལ་མོལ་ཐེངས་འགའ་ཤས་བྱུང་ཡང་གྲུབ་འབྲས་བྱུང་མེད། འོན་ཀྱང་བོད་མིའི་ངོས་ནས་མུ་མཐུད་དབུ་མའི་ལམ་ཀྱི་སྲིད་བྱུས་ལ་ཤར་བསྐྱོད་གནང་རྒྱུ་དང་། རྒྱ་མི་རིགས་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་རྒྱ་གང་ཆེ་ངོ་སྤྲོད་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་སི་ཌི་ནིའི་ཚན་རིག་ལག་རྩལ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་པོ་ཕང་ཆོན་ཡེན་ Professor Chongyi Feng ལགས་ཀྱིས་གལ་སྲིད་ཆོས་ལུགས་ཀྱི་ཆབ་སྲིད་དབང་ཆ་ལ་འཇིགས་སྣང་མེད་ཚེ། རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཀྱི་མ་རེད་། འོན་ཀྱང་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་སྟོབས་ཤུགས་ཁྲོད་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་མཐོང་ནས། ད་བར་ཆོས་ལུགས་ཁག་ལ་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་ཅེས་དང་། རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བཟང་ཕྱོགས་སུ་འགྲོ་རྒྱུ་དང་དངོས་ཡོད་ཀྱི་ཞི་མཐུན་སྤྱི་ཚོགས་ཤིག་ཡོང་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་གསུངས།
དེ་རྗེས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཆིན་ཅིན་ Qin Jin ལགས་ཀྱིས་གསུང་བཤད་གནང་སྐབས་རང་ཉིད་བོད་ཀྱི་སྐོར་ལོ་རབས་ ༦༠ ནང་རྒྱ་ནག་གཞུང་གིས་བོད་ཀྱི་གློག་བརྙན་ཞིང་བྲན་ཞེས་པ་ཞིག་བརྒྱུད་ནས་ཤེས་རྟོགས་བྱུང་། རྗེས་སུ་དངོས་ཡོད་གནས་ཚུལ་ལ་དཔྱད་པ་བྱེད་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་ཚབས་ཆེ་བྱས་འདུག ལོ་རྒྱུས་ལ་དཔྱད་པ་ཞིབ་ཕྲ་གནང་ཚེ་བོད་ནི་སྔ་མོ་ནས་ཆོས་དང་རིག་གཞུང་ཕྱུག་པོ་ཡིན་པའི་མི་རིགས་དང་རྒྱལ་ཁབ་གཅིག་ཡིན་པར་སྨོས་མི་དགོས། དེ་བརྟེན་བོད་ཀྱི་གནད་དོན་སེལ་རྒྱུར་བོད་མིའི་དགོས་དོན་ལ་བརྩི་སྲུང་བྱེད་དགོས་གལ་ཡིན་པའི་འགྲེལ་བརྗོད་གནང་ཡོད།
དེ་ནས་སི་ཌི་ནིའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཟུར་པ་ཁྲན་ཡོང་ལིན་ Yonglin Chen ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གཞུང་གི་ངོས་ནས་བསམ་ཞིབ་ཐུབ་ཀྱི་མེད་རུང་། རྒྱ་རིགས་མང་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུའི་སྲིད་བྱུས་ཡག་ཤོས་ཡིན་པ་མ་ཟད་བོད་རྒྱ་མི་རིགས་གཉིས་འབྲེལ་མཐུད་ཀྱི་ལྡེ་མིག་ལྟ་བུ་ཞིག་ཡིན། རྒྱ་ནག་གཞུང་གིས་འཁྱོག་བཤད་རྐྱེན་པས་བོད་དོན་ལ་གོ་བ་ལོག་སྒྲུབ་བྱེད་མཁན་རྒྱ་རིགས་ཁག་གཅིག་ལ་བོད་དོན་སྐོར་གླེང་སྐབས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་ རྒྱ་ནག་གཞུང་གི་སྲིད་བྱུས་ལ་མཐོང་ཚུལ་མི་འདྲ་བ་སླེབས་བཞིན་འདུག་ཅེས་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ནི་རང་རྒྱལ་གཞན་ཕམ་མིན་པར་བོད་རྒྱ་མི་རིགས་གཉིས་ཕན་རང་བཞིན་ཅན་གྱི་གུ་ཡངས་སྲིད་བྱུས་ཤིག་ཡིན་པར་རྒྱ་རིགས་མང་ཚོགས་རྣམས་ལ་རྒྱ་གང་ཆེ་ངོ་སྤྲོད་གནང་གལ་ཡིན་པ་དང་། གལ་ཏེ་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་བརྒྱུད་ལམ་ཡོད་ཚེ། རྒྱ་ནག་མི་མང་གིས་སྲིད་བྱུས་དེར་རྒྱབ་སྐྱོར་བྱེད་ངེས་རེད། ཅེས་གསུང་བཤད་གནང་།
དེ་རྗེས་ལོ་རབས་ ༨༠ ནང་བོད་ནང་བོད་སྐྱོར་ལས་བྱེད་ཟེར་བའི་ལས་འཆར་ཁོངས་སྟོད་མངའ་རིས་དང་ནག་ཆུ་ཁུལ་དུ་ལོ་གཉིས་ཙམ་བསྐྱོད་མྱོང་བའི་རྒྱ་རིགས་ཤེས་ཡོན་ཅན་རེན་ཞོལ་པིན་ Bingxue Ren ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ལ་ཞི་བའི་བཅིངས་བཀྲོལ་བཏང་ནས་ཞིང་བྲན་ཁྲི་ཚོ་ཡར་ལངས་བཅིངས་བཀྲོལ་ཐོབ་པ་དང་། བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བཞིན་ཡོད་པ་སོགས་ཀྱི་དྲིལ་བསྒྲགས་བྱས་ཡོད་རུང་། རང་ཉིད་དངོས་སུ་བོད་ནང་བསླེབས་རྗེས་ཞིང་འབྲོག་ཁུལ་གྱི་བོད་མི་རྣམས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་པ་མ་ཟད་། དབྱར་རྩྭ་དགུན་འབུ་སོགས་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་འདུག རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སྨན་རྩྭའི་རྩ་ཐང་ཡོངས་རྫོགས་གཞུང་གི་སྟངས་འཛིན་དགོས་པའི་བཀོད་ཁྱབ་བཏང་བར་བརྟེན་བོད་མི་རྣམས་ཀྱི་འཚོ་བ་སྔར་ལྷག་དཀའ་ངལ་ཆེ་རུ་ཕྱིན་ཡོད། བོད་ནང་གི་བོད་མི་ཚོས་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དད་གུས་དང་སངས་རྒྱས་ལྟར་བརྩི་བཞིན་འདུག་ལ་རྒྱ་ནག་གཞུང་གིས་ཁོང་གི་སྐུ་པར་ཡན་སྒྲིག་བཤམས་ཆོག་གི་མེད་སྟབས། བོད་མི་ཚོས་རྒྱ་གཞུང་ལ་མི་འདོད་པའི་བསམ་ཚུལ་རིམ་བཞིན་སླེབས་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་།
ཐེངས་འདིའི་བགྲོ་གླེང་ཚོགས་འདུར་གསུང་བཤད་ལ་དོ་སྣང་ཆེན་པོས་ཉན་པ་དང་དྲི་བ་སྣ་ཚོགས་བཏོན་པ་མ་ཟད། བསམ་ཚུལ་གསུང་མཁན་ཡང་མང་པོ་བྱུང་ཡོད་པ་བཅས།།