༢༠༡༥ ཟླ་ ༢ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༧ དང་ ༨ བཅས་ཉིན་གཉིས་རིང་རྒྱ་གར་མ་ཧཱ་རྰཤི་ཊ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ནན་དེ་ Nanded རྫོང་ཁོངས་ཀྱི་ཀིན་ཝ་ཊི་Kinwat གྲོང་དུ་རྒྱ་གར་ནང་པའི་ལྷན་ཚོགས་ཐེངས་ལྔ་པ། The Fifth Jagtik Bodh Dhamma Parishad ཞེས་པའི་ཚོགས་ཆེན་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མགྲོན་འབོད་ཞུས་པ་ལྟར་ཕྱི་ཚེས་ ༨ ཉིན་ཚོགས་ཆེན་དུ་ཕེབས་ནས་བོད་དོན་སྐོར་གཏམ་བཤད་གནང་སྐབས་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དེ་ཀར་ Dr.Bhim Rao Ambedkar གྱི་རྗེས་འབྲང་བ་རྒྱ་གར་ནང་པ་གཙོ་བོར་གྱུར་བས་ཨ་རི་དང་ནོར་ཝེ། སུད་སི། སི་པེན་སོགས་ཕྱི་རྒྱལ་སྦྱིན་བདག་དང་ཉམས་ཞིབ་པ་སོགས་སྐྱ་སེར་ཁྱོན་མི་གྲངས་ ༥༠ ༠༠༠ ཙམ་འདུ་འཛོམས་བྱུང་འདུག ཉམས་ཞིབ་པ་ཁོང་རྣམས་ནི་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དེ་ཀར་མཆོག་གིས་མི་ཚེའི་ལོ་རྒྱུས་དང་བྱས་རྗེས། དེ་བཞིན་ཁོང་གིས་རྒྱ་གར་ནང་རིགས་དམན་པར་གྲགས་པའི་སྤྱི་ཚོགས་ནང་གི་དཀའ་ངལ་སེལ་ཆེད་གདོང་ལེན་ཇི་ལྟར་གནང་སྐོར་དང་། རྒྱ་གར་ཡུལ་དང་མི་མང་གཉིས་ཀྱི་མདུན་ལམ་ཐོག་འཆར་སྣང་ཇི་ལྟར་ཡོད་པ་བཅས་ཀྱི་གནད་དོན་དེ་དག་ཐོག་ཉམས་ཞིབ་གནང་མུས་ཡིན་འདུག གཞན་ཡང་ཚོགས་ཆེན་དེར་སྐུ་མགྲོན་དུ་དེ་སྔའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷིམ་རའོ་རམ་ཇི་ཀེ་རམ་མཆོག་Shri.Bhimrao Ramji Keram དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇུ་ཏོ་སམ་མཆོག Shri.Raju Todsam དེ་བཞིན་དབུས་གཞུང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇིབ་ས་ཏབ་ Shri.Rajeev Satav མཆོག་སོགས་ཕེབས་འདུག
དེ་ཡང་ཚོགས་ཆེན་མ་ཚོགས་གོང་ཟླ་བ་གཅིག་ཙམ་སྔོན་ལ་གྲོང་སྡེའི་ལས་ཁུངས་ཀྱི་གཙོ་འཛིན་སྐུ་ཞབས་ཨ་རུན་ Shri. Arun Laxmanrav Alne ལགས་དང་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨར་ཝིན་དི་ Shri. Arvind Nikose རྣམ་གཉིས་ཀྱིས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་མགྲོན་བརྡ་ཕུལ་འདུག དེར་བརྟེན་ཕྱི་ཚེས་ ༨ ཉིན་ཚོགས་གཙོ་མཆོག་མ་ཧཱ་རཱཤི་ཊ་མངའ་སྡེའི་རྒྱལ་ས་ཆེ་ཤོས་ཨང་གཉིས་པར་གྲགས་པ་གྲོང་ཁྱེར་ནག་པུར་ Nagpur དུ་ཕེབས་འབྱོར་བྱུང་འཕྲལ་རྒྱང་ཐག་ཀི་ལོ་མི་ཊར་ ༢༨༠ སར་ཆགས་པའི་ཀིན་ཝ་ཊི་ Kinwat གྲོང་དུ་ཕེབས་ཐོན་གྱིས་ཚོགས་ཆེན་དུ་དགོང་དྲོའི་ཆུ་ཚོད་ ༨ ནས་ ༡༢ བར་ཚོགས་བཅར་ཞུས་འདུག སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་ནང་ཆོས་བོད་དུ་དར་རྗེས་བོད་ཀྱི་རིག་གནས་དང་རིག་གཞུང་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་སྐོར་དང་། ལྷག་པར་དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བསྔགས་བརྗོད་ཧ་ཅང་ཞུ་བཞིན་ཡོད་པ་དེ་མགོན་པོ་གང་ཉིད་མཆོག་གི་ཕྱི་ཚུལ་ཙམ་ལ་མོས་གུས་ཞུས་པ་ཞིག་མིན་པར། ནང་ཆོས་ཀྱི་ཉམས་ལེན་གཞི་རྩར་བཟུང་གནང་མཛད་པའི་ཐོག་ནས་སྐྱེ་འགྲོ་ཡོངས་ལ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་མཛད་བཞིན་པར་བརྟེན་མཚན་སྙན་ཡོངས་གྲགས་པ་ཞིག་ཆགས་ཡོད་སྐོར་སོགས་གསུང་པ་མ་ཟད། དེ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསུང་དོན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དེང་སྐབས་བོད་ནང་དུ་བོད་མི་ཚོར་སྨྲ་བརྗོད་དང་ཆོས་དད་རང་དབང་མེད། བོད་ནང་དུ་ཡོད་པའི་བོད་མི་ཚོར་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་རང་དབང་བྲལ་ཡང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་རྟེན་ནས་རྒྱ་གར་ནང་བཙན་བྱོལ་བོད་མི་ཚོས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་མུས་ཡིན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་ཐོབ་རྒྱུར་ད་དུང་ཡང་འཐབ་རྩོད་མང་པོ་བྱེད་དགོས་པ་མ་ཟད། ང་ཚོར་རྒྱ་གར་གཞུང་གི་རྒྱབ་སྐྱོར་མུ་མཐུད་ནས་དགོས་པ་ཞིག་ཆགས་ཡོད། ཅེས་གསུང་པ་དང་སྦྲགས་དེང་སྐབས་ནང་ཆོས་ལ་དོ་སྣང་དང་སྦྱང་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང་། དེ་ལྟར་བྱུང་ན་རྒྱ་གར་ནང་གནའ་བོའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཏག་ཤི་ལ་ Taxila དང་ན་ལེནྜ་ Nalanda སོགས་ནང་པའི་རིག་གཞུང་གི་བསྟི་གནས་ཁང་དེ་དག་སླར་གསོ་ཡོང་ཐུབ་ངེས་ཡིན། ཞེས་གསུངས།
ཕྱི་ཚེས་ ༩ ཉིན་ཀིན་ཝ་ཏི་གྲོང་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༣༥༠ ཙམ་གྱི་སར་ཆགས་པའི་བྷན་ད་ར་ Bhandara རྫོང་དུ་བུད་མེད་དགེ་འོས་ཀྱི་མཐོ་སློབ་ Mahila Adyapak Mahavidyalaya ཏུ་བོད་ཀྱི་ཉིན་མོ། ཞེས་ཉིན་གཅིག་རིང་བོད་དོན་ཆེད་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་འདུག མཛད་སྒོ་དེ་ནི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཨམ་རུ་ཏི་བྷན་སུར་ Shri. Amrut Bansurལགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
སྐབས་དེར་ཚོགས་གཙོ་མཆོག་གིས་བོད་དོན་སྐོར་ངོ་སྤྲོད་གནང་སྐབས་ཚོགས་གཙོ་རང་ཉིད་ལ་མཚོན་ན་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་བོད་མི་མི་རབས་གཉིས་པའི་གྲས་ཤིག་ཡིན་ཞིང་། དེང་སྐབས་བོད་མིའི་འཐབ་རྩོད་ཀྱི་ལས་འགན་ཕྲག་པར་འཁྱེར་ནས་བོད་ནང་དུ་དོན་དམ་གྱི་རང་སྐྱོང་མ་ཐོབ་བར་འབད་བརྩོན་ནམ་ཡང་ལྷོད་ཡངས་གཏོང་ཐབས་མེད་སྐོར་སོགས་གསུངས། ཕྱོགས་མཚུངས་སློབ་ཕྲུག་རྣམས་ལ་དམིགས་བསལ་གསུང་བཤད་གནང་དོན། ཁྱེད་ཚོ་གཞོན་སྐྱེས་ཚོ་རྒྱ་གར་གྱི་མདུན་ལམ་ཆགས་ཡོད། དེར་བརྟེན་ཁྱེད་ཚོས་བོད་ཀྱི་འདས་མ་འོངས་དང་། ད་ལྟ་གསུམ་གྱི་གནས་སྟངས་སྐོར་འཁྱོག་བཤད་སྤངས་པའི་དྲང་བདེན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་དང་། ལྷག་པར་བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་འཐབ་རྩོད་ཇི་ལྟར་བྱས་དང་བྱེད་བཞིན་ཡོད་སྐོར་གོ་རྟོགས་སྤེལ་རྒྱུ་འདི་ངས་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཚོགས་གཙོ་མཆོག་བྷན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕྱོགས་ཕེབས་གནང་།
བྷན་ད་རར་ཕེབས་འབྱོར་སྐབས་ས་གནས་བོད་མི་རྣམས་ཀྱིས་ཚོགས་གཙོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་དང་སྦྲགས། ཚོགས་ཁང་ནང་མང་ཚོགས་འདུ་འཛོམས་ཐོག་ཚོགས་གཙོ་མཆོག་གིས་དེང་སྐབས་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་བཙན་བྱོལ་ནང་དུ་བོད་མི་ཚོས་རང་གི་ཐུན་མིན་ངོ་བོ་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་བོད་ནང་དུ་གཞིས་ཞུགས་སྤུན་ཟླ་ཚོའི་རེ་བའི་འབྱུང་གནས་ལྟ་བུ་ཆགས་ཡོད་སྐོར་གསུངས། ཐེངས་འདིར་སྤྱི་འཐུས་ཚོགས་གཙོ་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ནོར་རྒྱས་གླིང་ས་གནས་འགོ་འཛིན་དང་འཕགས་བོད་འབྲེལ་འཐུད་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་བཅས་ཀྱང་ལྷན་བཅར་ཞུས་འདུག