ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་གྲོང་དང་པོར་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་བཞེངས་པའི་རྒྱལ་གཅེས་དཔའ་བོའི་རྡོ་རིང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་འདུག
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཤག་གི་སྐུ་ཚབ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་ས་གནས་འགོ་འཛིན་དང་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་རྣམ་གཉིས། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ། སེར་སྐྱ་མི་མང་བརྒྱ་ཕྲག་ལྷག་ཙམ་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་དང་འབྲེལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམ་གཉིས་ཀྱིས་རྒྱལ་གཅེས་དཔའ་བོའི་རྡོ་རིང་དབུ་འབྱེད་གནང་བ་དང་། སྐུ་མགྲོན་རྣམས་ཀྱིས་རིམ་པས་གུས་འདུད་ཀྱི་ཁ་བཏགས་ཕུལ།
དེ་ནས་བཀའ་ཤག་གི་སྐུ་ཚབ་ལུགས་བསམ་ས་གནས་འགོ་འཛིན་གྱིས་རྡོ་རིང་མཛད་སྒོ་ལ་ཆེད་དུ་གནང་བའི་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ནས་མ་བསྐུལ་དང་བླངས་ཀྱིས་འཁྲབ་སྟོན་སྐོར་སྐྱོད་ཀྱི་ལམ་ནས་ཞལ་འདེབས་བསྡུ་སློང་བྱས་ཏེ། རྒྱལ་གཅེས་དཔའ་བོའི་རྡོ་རིང་བཞེངས་རྒྱུའི་ལས་གཞི་ལེགས་པར་གྲུབ་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༥ ཉིན་དངོས་སུ་སྒོ་འབྱེད་བྱ་གཏན་ཁེལ་བར་བཀའ་ཤག་ནས་ལེགས་སོའི་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱལ་གཅེས་དཔའ་བོའི་རྡོ་རིང་བཞེངས་པའི་དགོས་དོན་སྙིང་པོ། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་དང་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རྣམས་རང་ཅག་སེར་སྐྱ་རྒན་གཞོན་ཡོངས་ནས་སྙིང་དབུས་སུ་བཅངས་ཏེ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་དུ་མུ་མཐུད་ལྷག་བསམ་ཆེར་བསྐྱེད་ཀྱིས་འབད་བརྩོན་ལྷོད་མེད་བྱ་དགོས་པའི་གོ་རྟོགས་གཏིང་ཟབ་སྤེལ་ཐུབ་པའི་རེ་བ་ཡོད། ཅེས་འཁོད་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྤྱིར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྡ་རམ་ས་ལར་རྡོ་རིང་གཅིག་བཞེངས་ཡོད་པ་རེད། དེ་རིང་འདིར་རོལ་དབྱངས་མཐུན་ཚོགས་ཀྱིས་སྦེལ་ཀོབ་གཞིས་ཆགས་ལ་གཅིག་བཞེངས་པ་རེད། དེ་བཞིན་མ་འོངས་པར་གཞིས་ཆགས་ཚང་མར་རྡོ་རིང་རེ་བཞེངས་ཐུབ་ན་ཡག་པོ་ཡོད། ཚང་མར་བཀའ་དྲིན་རྗེས་དྲན་ཆགས་ཀྱི་ཡོད། བོད་ནང་བྱུང་བའི་རང་ལུས་མེར་སྲེག་གི་གནས་ཚུལ་དེ་འདྲ་བོ་འཛམ་བུ་གླིང་གི་ལོ་རྒྱུས་ཀྱི་ནང་ལ་ཕལ་ཆེར་བྱུང་མེད། ལྷག་པར་འཚེ་མེད་ཞི་བའི་འཐབ་རྩོད་དེ་ཧ་ལས་པ་དང་ཧང་སང་དགོས་པ་ཞིག་ཆགས་ཡོད། རྒྱ་ནག་གིས་བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་རེད་ཅེས་ཤོད་ཀྱི་ཡོད། འོན་ཀྱང་ང་ཚོས་བརྒྱུད་སྐུལ་བྱ་རྒྱུ་ཕར་ཞོག བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་བཤད་མི་དགོས་པ་དང་། ཐབས་བྱུས་ཀྱང་བསམ་ཡུལ་ལས་འདས་པ་དེ་འདྲ་འདོན་གྱི་ཡོད་རེད། དེ་འདྲ་ཡིན་དུས་ཁོ་རང་ཚོའི་མཛད་རྗེས་དེ་ཚོ་དེ་རིང་གི་རྡོ་རིང་འདི་བཞེངས་པའི་ཐོག་ནས་དྲན་གསོ་བྱེད་ཀྱི་ཡོད་པ་རེད། ད་ལྟ་རྒྱ་ནག་གི་མི་རིགས་མཉམ་བསྲེས་སྲིད་ཇུས་དེ་སྔོན་མ་ཨུ་རུ་སུའི་སྲིད་ཇུས་རེད། ད་ལྟ་རྒྱ་ནག་གིས་བེད་སྤྱོད་གཏོང་གི་ཡོད། དེ་བཞིན་མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་ཧ་ཅང་མང་པོ་བྱེད་ཀྱི་ཡོད། དེ་ཚོ་རྒྱ་མི་རིགས་གནས་སྤོའི་ཆེད་དུ་མ་གཏོགས་བོད་ཀྱི་ཆེད་དུ་མ་རེད། བོད་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་དེ་ཚོའི་ནང་ལ་དངུལ་བཟོ་སའི་ས་ཆ་དེ་ཚོ་ལ་རྒྱ་མི་རིགས་མང་བ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།