༢༠༡༥ ཟླ་ ༢ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་སྒྲུབ་ཚེ་རིང་མཆོག་རྡ་ས་ནས་ལྡི་ལི་བརྒྱུད་ཨ་རི་དང་ཁེ་ན་ཌའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག དེ་ཡང་ཕྱི་ཚེས་ ༢༤།༢༥ བཅས་ཉིན་གྲངས་གཉིས་རིང་བཀའ་བློན་མཆོག་ཨ་རིའི་གྲོང་ཁྱེར་སན་ཕེ་རན་སི་སི་ཀོའི་ནང་གོ་ལའི་འགོ་ཁྲིད་གསོ་སྐྱོང་བསྟི་གནས་ཁང་ Global Leadership Incubator གི་ཚོགས་གཙོ་སྐུ་ཞབས་མི་ཤལ་མ་ཁུ་ལོ་ Mr. Michael McCullough ལགས་དང་བྷེ་ཊི་སི་གོར་ཌོན་བསྟི་གནས་ཁང་ Betsy Gordon Foundation གི་ཚོགས་གཙོ་སྐུ་ཞབས་སན་ར་ཕེལ་ San Rafael ལགས། དེ་བཞིན་སི་ཊེན་ཕོ་ཌི་གཙུག་ལག་སློབ་ཁང་ Stanford University གི་གཙུག་ལག་སློབ་དཔོན་ལས་རོགས་སྐུ་ཞབས་མ་ནུ་པྲ་ཀཱཤ་ Mr. Manu Prakash ལགས་སོགས་ཤེས་ཡོན་བསྟི་གནས་ཁང་གི་འབྲེལ་ཡོད་མི་སྣ་མང་དག་གཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཕྱི་ཟླ་ ༣ ཚེས་ ༢ ཉིན་བཀའ་བློན་མཆོག་ཁེ་ན་ཌར་ཕེབས་ཐོན་གྱིས་ཚེས་ ༣།༤ བཅས་ཉིན་གཉིས་རིང་ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་རྡོར་དབུ་དཀར་ཚང་དང་ལྷན་གྲོང་ཁྱེར་ཨོ་ཊ་བའི་ནང་ཁེ་ན་ཌ་རྒྱལ་སྤྱིའི་ཡར་རྒྱས་ལྷན་ཁང་ Canadian International Development Agency གི་འབྲེལ་ཡོད་ལས་བྱེད་རྣམས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། ཕྱི་ཚེས་ ༥ ནས་ ༧ བར་མོནྜ་རེལ་དང་ཊོ་རོན་ཊོའི་གྲོང་ཁྱེར་ནང་གནས་སྡོད་ས་གནས་བོད་རིགས་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་ ༨།༩ བཅས་ཉིན་གཉིས་རིང་བཀའ་བློན་མཆོག་གིས་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་དང་ནིའུ་ཡོཀ་ཏུ་ཕེབས་ནས་ས་གནས་བོད་རིགས་དང་ཐུག་འཕྲད་གནང་རྒྱུ་མ་ཟད། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བཀའ་ཤག་གི་ཚབ་ཞུས་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་ཕེབས་ནས་མཛད་སྒོ་གཙོོ་སྐྱོང་གནང་གཏན་འཁེལ་འདུག དེ་ནས་ཕྱི་ཚེས་ ༡༡ ཉིན་ཤེས་རིག་བཀའ་བློན་མཆོག་གིས་ཀོ་ནེ་ཊི་ཀ་ཊི་ Connecticut ས་གནས་བོད་རིགས་རྣམས་དང་ཐུག་འཕྲད་གནང་རྗེས་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གཞུང་འབྲེལ་ལས་དོན་རྣམས་ཡོངས་སུ་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག