༢༠༡༥ ཟླ་ ༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་ལྷོ་ཨ་ཕི་རི་ཁའི་ South Africa སྐུ་ཚབ་དོན་གཅོད་སྣང་ཟ་ཆོས་སྒྲོན་ལགས། ལས་བྱེད་བསྟན་འཛིན་ཀུན་བཟང་ལགས་བཅས་ཀྱིས་ལྷོ་ཨ་ཕི་རི་ཁའི་གྲོང་ཁྱེར་ཀེབ་ཊ་ཨོན་ནང་གྲོས་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་ཡོངས་གྲགས་སུ་རྒྱལ་ཡོངས་གཏམ་བཤད། ཅེས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀའི་ཚོགས་མི་རྣམས་ཚང་འཛོམས་ཐོག་སྲིད་འཛིན་ཇེ་ཀོབ་ཛུ་མ་ President Jacob Zuma མཆོག་གིས་གཏམ་བཤད་སྤེལ་བའི་མཛད་སྒོ་ཚོགས་སྲོལ་འདུག་པ་དེའི་ཐོག་མཉམ་ཞུགས་གནང་འདུག
དེ་ནི་གཙོ་བོ་ཡུལ་དེའི་ཨིན་ཁ་ཏ་རང་དབང་ཚོགས་པས་ Inkatha Freedom Party བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པར་བརྟེན་ཐེངས་འདིར་བོད་མིའི་སྐུ་ཚབས་རྣམས་མཛད་སྒོར་མགྲོན་འབོད་གནང་བ་ཞིག་ཡིན་འདུག་པ་མ་ཟད། བོད་མིའི་སྐུ་ཚབ་རྣམས་པའི་ཞུགས་གྲལ་དུ་དེ་སྔའི་ཡུལ་དེའི་སྲིད་འཛིན་གནང་མྱོང་མཁན་སྐུ་ཞབས་ཐ་བྷོ་ཨེམ་བྷེ་ཀི་ Thabo Mbeki མཆོག་དང་ཌི་ཀི་ལག་ F. We de Klerk མཆོག་བཅས་ཀྱང་ཞུགས་ཡོད་འདུག
དེ་ཡང་ཉིན་དེའི་ཉིན་གུང་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་སྐུ་ཚབ་དོན་གཅོད་སོགས་ཀྱིས་ཨིན་ཁ་ཏ་རང་དབང་ཚོགས་པ་ཞུ་བའི་ཡུལ་དེའི་ཆབ་སྲིད་ཚོགས་པ་དང་བོད་དོན་ཐོག་རྒྱབ་སྐྱོར་ཧ་ཅང་གནང་མཁན་ཚོགས་པ་དེའི་ཚོགས་གཙོ་རྒྱལ་སྲས་ཡིན་པ་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་ Prince Mangosuthu Buthelezi མཆོག་དང་། ཚོགས་པ་དེའི་སྤྱི་ཁྱབ་དྲུང་ཆེ་ལྕམ་སྐུ་ན་ཀུ་མོ་ Ms. SJ Nkomo མཆོག་བཅས་སོ་སོར་མཇལ་འཕྲད་གནང་འདུག སྐབས་དེ་དག་ཏུ་དྲིལ་བསྒྲགས་དྲུང་ཆེས་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་དང་། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སོགས་མི་ཉམས་གོང་སྤེལ་དང་ཉམས་པ་གསོར་ཆུད་ཆེད་མཛད་ཁུར་རྒྱ་ཆེ་བསྐྱངས་དང་སྐྱོང་བཞིན་ཡོད་སྐོར་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ཞིབ་ཕྲ་གསལ་བཤད་ཞུས་པ་དང་སྦྲག
ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་ནག་འགོ་ཁྲིད་དང་ལྷན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་ཐོག་བོད་ཀྱི་གནད་དོན་གསལ་ཐབས་ཆེད་འབད་བརྩོན་གནང་དང་གནང་མུས་ཡིན་སྐོར་རྣམས་གསལ་བཤད་ཞུས། སྤྱིར་ལྷོ་ཨ་ཕི་རི་ཁའི་གྲོས་ཚོགས་ནང་ཨིན་ཁ་ཏ་རང་དབང་ཚོགས་པའི་འཐུས་མི་ ༡༡ ཡོད་འདུག་པ་དང་། ཚོགས་པ་དེས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་འདུག ལྷག་པར་ཚོགས་གཙོ་རྒྱལ་སྲས་མཆོག་གིས་ཨི་ཊ་ལིའི་རྒྱལ་ས་རོམ་ Romeདང སི་ཀོ་ཊི་ལེན་ཌིའི་རྒྱལ་ས་ཨེ་ཌིན་བྷག་སོགས་Edinburg ནང་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་ཆེན་མང་པོའི་ཐོག་མཉམ་ཞུགས་གནང་མྱོང་ཡོད་འདུག
གཞན་ཡང་ཐེངས་འདིར་བོད་མིའི་སྐུ་ཚབ་རྣམས་པས་ལྷོ་ཨ་ཕི་རི་ཁའི་ཀེབ་ཊ་ཨོན་ Cape Town City གྲོང་ཁྱེར་གྱི་གྲོང་སྡེའི་སྤྱི་ཁྱབ་པ་གཞོན་པ་སྐུ་ཞབས་ཨལ་ཌར་མན་ཨེ་ཡན་ནེལ་སོན་ Mr. Alderman Ian Nelison མཆོག་དང་མཇལ་འཕྲད་གནང་འདུག སྐབས་དེར་ཁོང་གིས་རྒྱ་ནག་འབྲེལ་ཡོད་དཔོན་རིགས་དང་ལྷན་བོད་དོན་གླེང་སྐབས་རྒྱ་ནག་དཔོན་པོ་ཚོས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་་གྱིཡོད་སྐོར་བོད་མིའི་སྐུ་ཚབ་རྣམས་ལ་གསལ་བཤད་གནང་བར་དྲིལ་བསྒྲགས་དྲུང་ཆེས་སྐབས་དེར་བོད་མིའི་ཕྱོགས་ནས་ཀྱང་རྒྱ་ནག་གཞུང་དང་ལྷན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་ཐོག་བོད་དོན་འགྲིག་ཆགས་ཡོང་ཆེད་ལན་དགུ་ཆད་མཐུད་ཀྱིས་འབད་བརྩོན་མུ་མཐུད་བྱེད་བཞིན་ཡོད་སྐོར་གསལ་བཤད་ཞུས་ཡོད་འདུག