༢༠༡༥ ཟླ་ ༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལྷོ་ཨ་ཕི་རི་ཁའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མ་སང་གོ་ Mr. M.S.A. Masango མཆོག་གིས་གཙོས་ཚོགས་ཆུང་གི་ལས་བྱེད་གསུམ་དང་། ཉམས་ཞིབ་པ་བཅས་དང་མཇལ་འཕྲད་ཀྱིས་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་མཛད་ཁུར་གཙོ་བོ་གསུམ་གྱི་ཐོག་སྐུ་ངལ་ཧ་ཅང་མཛད་བཞིན་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤེལ་ཕྱོགས་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད།
ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་ལྷན་བོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་དབུ་མའི་ལམ་གྱི་ལངས་ཕྱོགས་གཞི་རྩར་བཟུང་ནས་བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་གསལ་ཐབས་གནང་བཞིན་ཡོད་སྐོར་གསལ་བཤད་གནང་ཡོད། ཕྱོགས་མཚུངས་དྲུང་ཆེས་སྐབས་དེར་ལྷོ་ཨ་ཕི་རི་ཁའི་ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་གི་ལས་དོན་གནང་ཕྱོགས་སྐོར་སོགས་གསལ་བཤད་ཞུས་པ་དང་སྦྲགས། འབྲེལ་ཡོད་གྲོས་ཚོགས་ཀྱི་གོང་རིམ་རྣམས་ལ་གནད་དོན་དེ་དག་སྐོར་གསལ་སྟོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག་པར། སྐབས་དེར་སྐུ་ཞབས་མ་སང་གོ་མཆོག་གིས་དོ་སྣང་ཧ་ཅང་ཆེན་པོས་གསན་འཇོག་གནང་འདུག་པ་མ་ཟད། ལྷོ་ཨ་ཕི་རི་ཁའི་གྲོས་ཚོགས་ཀྱི་འབྲེལ་ཡོད་གོང་རིམ་རྣམས་ལ་གནས་ཚུལ་དེ་དག་སྐོར་འགྲེལ་བརྗོད་ཞུ་རྒྱུའི་ཁས་ལེན་ཡང་གནང་འདུག
སྤྱིར་ལྷོ་ཨ་ཕི་རི་ཁའི་གྲོས་ཚོགས་ནང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ཞིག་ཟུར་འཛུགས་ཡོད་པ་དེའི་ནང་ཁྱོན་ཚོགས་མི་གྲོས་ཚོགས་འཐུས་མི་ཤ་སྟག་མི་གྲངས་ ༡༣ ཡོད་ཁོངས་ནས་ལྷོ་ཨ་ཕི་རི་ཁ་རྒྱལ་ཡོངས་ཀོངྒ་རེ་སི་ཚོགས་པ་ ANC ཟེར་བ་ནས་ཚོགས་མི་དྲུག་ཡོད་འདུག དེའི་ཁོངས་ནས་གཅིག་སྐུ་ཞབས་མ་སང་གོ་མཆོག་ཡིན་འདུག་པ་དང་། ཐེངས་འདིར་དྲིལ་བསྒྲགས་དྲུང་ཆེ་དང་སྐུ་ཞབས་མ་སང་གོ་མཆོག་གི་མཇལ་འཕྲད་དེ་གོ་སྒྲིག་གནང་མཁན་ལྷོ་ཨ་ཕི་རི་ཀའི་ཕྱི་དྲིལ་ལས་ཁུངས་ཡིན་འདུག
གཞན་ཡང་དེ་ཉིན་སྔ་དྲོ་དྲིལ་བསྒྲགས་དྲུང་ཆེ་དང་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོལ་ལགས། དེ་བཞིན་འབྲེལ་ཡོད་ལས་བྱེད་བསྟན་འཛིན་སྐུན་བཟང་ལགས་བཅས་བོད་མིའི་སྐུ་ཚབ་རྣམ་པས་ལྷོ་ཨ་ཕི་རི་ཁའི་ཨིན་ཁ་ཏ་རང་དབང་ཚོགས་པ་ Inkhata Freedom Party ཞུ་བའི་ཆབ་སྲིད་ཚོགས་པ་དེའི་གྲོས་ཚོགས་འཐུས་མི་ཁྱོན་བཅུ་ཡོད་ཁོངས་ནས་འཐུས་མི་དགུ་དང་མཇལ་འཕྲད་གནང་འདུག འཐུས་མི་གཅིག་ནི་རྒྱལ་སྲས་བྷུ་ཐེ་ལེ་ཛི་ Prince Buthelezi མཆོག་ཡིན་འདུག མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་སྐུ་ཚབ་རྣམས་ལ་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད།
སྐབས་དེར་དྲིལ་བསྒྲགས་དྲུང་ཆེས་བོད་དོན་སྐོར་ངོ་སྤྲོད་ཞིབ་ཕྲ་ཞུས་པ་རྣམས་ལ་དོ་སྣང་ཆེན་པོས་གསན་འཇོག་ཡང་གནང་འདུག ལྷན་ཚོགས་སྐབས་ཀྱི་འགན་འཛིན་མཆོག་ནས་ཀྱང་བོད་ནང་འགྲོ་སྐྱོད་ལ་དམ་བསྒྲགས་བྱེད་མུས་དེ་དག་དང་གཅིག་མཚུངས་ཀྱི་ཉམས་མྱོང་ཞིག་ཁོང་རང་ཉིད་ཀྱིས་མྱངས་པར་བརྟེན་དེང་སྐབས་བོད་ནང་གི་བོད་མི་ཚོའི་གནས་སྟངས་ལ་སེམས་ཚོར་ཆེན་པོས་གདུང་སེམས་མཉམ་སྐྱེ་གནང་བ་དང་སྦྲགས་ཆབ་སྲིད་ཚོགས་པས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་པ་དེ་མུ་མཐུད་རྒྱུན་སྐྱོངས་གནང་རྒྱུ་མ་ཟད། འབྱུང་འགྱུར་བོད་དོན་ཐོག་གང་ཐུབ་ཀྱི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག་འབད་བརྩོན་ལྷོད་མེད་གནང་རྒྱུའི་ཁས་ལེན་ཡང་གནང་འདུག ཉིན་དེའི་ཕྱེད་ཡོལ་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཤིག་ཏུ་དྲིལ་བསྒྲགས་དྲུང་ཆེས་བོད་ནང་གི་དེང་སྐབས་ཛ་དྲག་གི་གནས་སྟངས་སྐོར་སྤྱི་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྣང་ཕྱོགས། གཞན་ཡང་ལྷོ་ཨ་ཕི་རི་ཁའི་སྐུ་ཚབ་དོན་ཁང་གི་ལས་དོན་སྤེལ་ཕྱོགས་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད། ཕྱོགས་མཚུངས་སྐབས་དེར་ལྷོ་ཨ་ཕི་རི་ཁའི་གྲོང་ཁྱེར་ཀེབ་ཊ་ཨོན་ནང་ཚོགས་མི་ལྔ་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་ཐུབ་པ་བྱུང་འདུག ད་ལྟའི་སྐབས་ཚོགས་མི་ལྔ་པོ་ཡོད་པ་ཁོང་རྣམས་ནི་ནི་ཀི་ Niki དང་ཇོན་ལུ་ཝི་སི། John Loius ཨེ་ཌམ། Adam ཀ་རེན། Karen ཨེ་རི་ Erika ཀ་བཅས་ཡིན་འདུག