ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་ཕྱི་དྲིལ་ལས་ཁུངས་དང། སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཆེད་གཤམ་གསལ་ས་སྟོང་ཡོད་པར་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཉུང་མཐར་ལོ་ལྔ་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
ཀ༽ དམིགས་བཀར་ས་མིག
ཕྱི་དྲིལ་ལས་ཁུངས་ཀྱི་ཡིག་བསྒྱུར་དང་དཔར་བསྐྲུན་ཚན་པའི་ཆེད་འགན་འཛིན་དྲུང་གཞོན་ ༡ གི་དགོས་ངེས་ཆ་རྐྱེན།
༡) ལས་འགན། འབྲེལ་ཡོད་ཚན་པའི་འགན་འཛིན་གྱི་འགན་འཁུར།
༢) ཤེས་མྱོང། ཚད་ལྡན་མཐོ་སློབ་ཞིག་ནས་བོད་ཨིན་ཤེས་ཚད་ཉུང་མཐར་གཙུག་ལག་རབ་འབྱམས་པ་ (M.A) ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་ཐོག་བོད་ཨིན་ཡིག་བསྒྱུར་དང་འབྲེལ་བའི་ཐོག་ཉུང་མཐར་ལོ་ ༥ ཉམས་མྱོང་ཡོད་པ།
༣) ལོ་ཚད། ༢༠༡༥།༠༣།༢༣ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ།
༤) རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་གཉིས་ཀྱི་འབྲི་རྒྱུགས་དང། ངག་རྒྱུགས་གཏོང་དགོས།
ཁ༽ ཁྱད་ལས་པའི་ས་མིག
ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགྱུར་སྡེ་ཚན་ཆེད་ལས་དོ་ ༡ གི་དགོས་ངེས་ཆ་རྐྱེན།
༡) ལས་འགན། གསར་འགྱུར་དང་འབྲེལ་བའི་འགན་འཁུར་རྐང་ལེན།
༢) ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་གསར་འགོད་དང་འབྲེལ་བའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་(B.A in Mass Communication) ཐོན་པའི་ལག་འཁྱེར་ཡོད་པ།
༣) ལོ་ཚད། ༢༠༡༥།༠༣།༢༣ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ།
༤) རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་ཕྱོགས་གནང་རྒྱུ་ཡིན།
ག༽ སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཆེད་དྲུང་ལས་ ༣ དང། ལས་དོ་ ༢ ལས་དྲུང་ ༦ བཅས་ལས་བྱེད་གསར་བསྐོ་ ༡༡ བྱ་རྒྱུའི་དགོས་ངེས་ཆ་རྐྱེན།
༡) ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་རྩིས་ཀྱི་རིག་གཞུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.Com)ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
༢) ལོ་ཚད། ༢༠༡༥།༣།༢༣ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། དྲུང་ལས་གནས་རིམ་དུ་ ༣༥ དང། ལས་དོ་དང་ལས་དྲུང་གཉིས་སུ་ ༤༠ ལས་མ་བརྒལ་བ་དགོས།
༣) རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག ཞིབ་ཕྲའི་རྩིས་ཀྱི་ལམ་ལུགས་བཅས་སློབ་ཚན་གསུམ་ཐོག་འབྲི་རྒྱུགས་དང། བོད་སྐད་དང། ཨིན་སྐད། གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང།
༢༽ མཐའ་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) གྱི་ངོ་བཤུས།
༣༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། མཐའ་མའི་ངོ་བཤུས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། (RC) ཤོག་གྲངས་དང་པོ་དང། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(MC) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ། (རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ཡིན་ན་སྨན་པ་ས་འདུ་ཚེ་བརྟན་རྡོ་རྗེའི་ངོས་སྦྱོར་ཞུ་དགོས)
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།
༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་(Attestation) ཞུས་ཏེ། ༢༠༡༥ ཟླ ༣ ཚེས་ ༢༣ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-Mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་མཉམ་འཁྱེར་གྱིས་འབྱོར་མཐོ་བཀོད་རྗེས་ངག་རྒྱུགས་བཞེས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༥ ཟླ་ ༢ ཚེས་ ༡༡ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt. Kangra(H.P)
Tel: 01892-226240
Telefax:01892-222328
E-mail:[email protected]