༢༠༡༥ ཟླ་ ༢ ཚེས་ ༢༥ རེས་གཟའ་ལྷག་པ།
བུ་རྫོང་ཚང་ཚེ་རིང་དབང་ཕྱུག་ལགས་ནས་བསྒྱུར་སྒྲིག་གནང་།
༄༅། །པེ་ཅིང་དུ་གནས་འཁོད་རྒྱ་མི་ཀའོ་ཧུང་མིིང་ཞེས་པས་ཉེ་ཆར་ ༼༢༠༡༥།༢།༤ ཉིན་༽རྒྱ་ཡིག་ bo xun(博讯)ཞེས་པའི་དྲ་རྒྱའི་ནང་རྩོམ་ཡིག་ཅིག་འགོད་སྤེལ་བྱས་འདུག་པའི་ནང་། རྒྱ་ནག་གཞུང་གིས་རིང་མིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལྷན་དུ་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རི་རྒྱལ་ཡོངས་སྔ་དྲོའི་སྨོན་ལམ་གསོལ་སྟོན་ལ་ཆིབས་སྒྱུར་བསྐྱང་གནང་རྒྱུར་ངོ་རྒོལ་ཤུགས་ཆེ་བྱས་པའི་ཚབ་ཏུ། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། གཞན་ཡང་བོད་ཀྱི་ཆབ་སྲིད་དབུ་ཁྲིད་བློ་བཟང་སེང་གེ་མཆོག་དང་ལྷན་དུ་གྲོས་མོལ་བྱས་ན་ལེགས་ཚུལ་སྐོར་ཁོང་སྒེར་གྱི་བསམ་ཚུལ་དོན་ཚན་བརྒྱད་འཁོད་པ་ཞིག་ཡོངས་བསྒྲགས་གླེང་འདུག
དེ་ཡང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལྷན་དུ་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རི་རྒྱལ་ཡོངས་སྔ་དྲོའི་སྨོན་ལམ་གསོལ་སྟོན་ལ་ཆིབས་སྒྱུར་བསྐྱང་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་པའི་རྗེས། ཕྱི་ཚེས་ ༢ ཉིན་རྒྱ་ནག་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་སར། “ཕྱི་རྒྱལ་གྱི་དཔོན་རིགས་མི་སྣ་ཚོས་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་བ་ཡིན་ན་དེར་ངོ་རྒོལ་ཡོད། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་རྩ་བའི་ཁེ་ཕན་དང་མི་རིགས་ཀྱི་བརྩེ་གདུང་དང་འབྲེལ་བའི་གནད་དོན་ཅིག་ཡིན་པས། རྒྱལ་ཁབ་སུ་འདྲ་ཞིག་གིས་བོད་ཀྱི་གནད་དོན་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མི་ཆོག་”ཅེས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཧུང་ལིས་བཤད་ཡོད་པ་རེད།
༸གོང་ས་ཏཱ་ལའི་བླ་མ་མཆོག་རིང་མིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལྷན་དུ་ཨ་རི་རྒྱལ་ཡོངས་སྔ་དྲོའི་སྨོན་ལམ་གསོལ་སྟོན་ལ་ཆིབས་སྒྱུར་བསྐྱང་གནང་རྒྱུའི་སྐོར། རྒྱ་ནག་གཞུང་གིས་འདི་ལྟར་ཚོར་བ་རྣོ་པོའི་ལན་སློག་རྒྱུ་ཐལ་དྲགས་པ་སྙམ།
དེ་ལས་འདིའི་ཐད། ཁོ་བོའི་ལྟ་ཚུལ་གླེང་བ་གཤམ་གསལ།
༡༽༸གོང་ས་ཏཱ་ལའི་བླ་མ་མཆོག་ད་ལྟའི་སྤྱི་ཚོགས་ཀྱི་མཚན་གནས་ནི། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དང་བསམ་པའི་གཙོ་འཛིན་ཞིག་ཡིན་པ་ལས། ཁོང་ལ་བཙན་བྱོལ་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་མེད།
༢༽༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆོས་ལུགས་ཀྱི་དབུ་ཁྲིད་དང་བསམ་པའི་གཙོ་འཛིན་གྱི་མཚན་ཐོག་ནས་ནུབ་ཕྱོགས་ཡུལ་གྲུའི་ཆབ་སྲིད་མི་སྣ་གལ་ཆེ་ཁག་དང་མཇལ་འཕྲད་ཐེངས་མང་གནང་ཡོད། དེའི་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཆོས་སྲིད་ཁ་བྲལ་བའི་ཆབ་སྲིད་ཀྱི་རྩ་དོན་དང་སྤྱི་ཚོགས་ཀྱི་ལམ་ལུགས་ཁ་གསལ་ཡིན་པ་གསལ་པོར་མཚོན་ཡོད།
༣༽རྒྱ་ནག་གཞུང་གིས་ཆོས་སྲིད་གཉིས་ཁ་མི་བྲལ་བའི་ལྟ་ཚུལ་དང་བྱེད་སྟངས་འདིས། ༸གོང་ས་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་ནུས་པ་ཤུགས་ཆེ་རུ་བཏང་བར་བརྟེན། ཁོང་གི་ཆོས་ལུགས་ཀྱི་དབུ་ཁྲིད་དང་བསམ་པའི་གཙོ་འཛིན་གྱི་གནས་བབ་ཉམས་ཞན་དུ་ཕྱིན་པ་དེས། རྒྱ་ནག་གཞུང་གིས་མུ་མཐུད་དེ་ངོ་རྒོལ་དང་རྒོལ་གཏམ་ག་ཚོད་བཏང་ཡང་དེ་དག་ནུས་མེད་དང་གཞན་གྱི་འཕྱ་དམོད་བྱ་ཡུལ་དུ་གྱུར་ཡོད།
༤༽རྒྱ་ནག་གཞུང་གིས་ངེས་པར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་ཞུ་དགོས། ཏཱ་ལའི་བླ་མ་མཆོག་རང་དབང་ངང་བོད་ལ་ཕྱིར་ལོག་གནང་རྒྱུའི་གནད་དོན་ཐག་གཅོད་བྱས་ཏེ། ཏཱ་ལའི་བླ་མ་མཆོག་ལ་རྒྱ་ནག་མངའ་ཁོངས་བོད་རིགས་ས་ཁུལ་གྱི་ནང་པའི་བླ་སྤྲུལ་གྱི་མཚན་གནས་ཐོབ་ཐང་ཆ་ཚང་དོན་དམ་གྱིས་མངོན་གྱུར་ཡོང་བ་བྱ་དགོས།
༥༽རྒྱ་ནག་གཞུང་གིས་ངེས་པར་དུ་ཕྱི་རྒྱལ་དུ་ཡུལ་གྱར་བའི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་བློ་བཟང་སེང་གེ་དང་གྲོས་མོལ་བྱས་ཏེ། ཕྱི་རྒྱལ་དུ་ཡུལ་གྱར་བའི་བོད་རིགས་སྤུན་ཟླ་རྣམས་རང་དབང་གིས་བོད་ལ་ཕྱིར་ལོག་བྱ་རྒྱུའི་གནད་དོན་ཐག་གཅོད་བྱེད་དགོས་པ་མ་ཟད། ཁོང་ཚོ་བོད་ལ་ཕྱིར་ལོག་རྗེས་ཀྱི་འཚོ་བ་དང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ནན་པོ་བྱ་དགོས།
༦༽ རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཁུལ་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རང་དབང་ངང་དད་མོས་ཞུ་ཆོག་པའི་གནད་དོན་ནན་ཏན་གྱིས་དོན་འཁྱོལ་ཡོང་བ་བྱ་དགོས་པ་དང་། རྒྱ་ནག་གིས་བོད་རིགས་ས་ཁུལ་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་དོན་འཁྱོལ་བྱ་དགོས། བོད་ཁུལ་གྱི་ཁོར་ཡུག་ལ་དངོས་འབྲེལ་གྱིས་སྲུང་སྐྱོབས་བྱ་དགོས་པ་དང་། བོད་མི་རྣམས་ཕྱུག་འགྱུར་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པར་ནན་ཏན་གྱིས་དོན་འཁྱོལ་བྱ་དགོས།
༧༽རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཁུལ་གྱི་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བའི་གནད་དོན་ནན་ཏན་གྱིས་གཏན་འགོག་བྱེད་དགོས། དེ་ལྟར་མ་ཐུབ་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་སྤྱི་ཚོགས་ནས་བོད་ནང་རང་ལུས་མེར་བསྲེགས་གཏོང་བའི་གནད་དོན་ལ་ཚད་མཐོའི་དོ་སྣང་མུ་མཐུད་ཡོང་བ་ལས། དེར་སྣང་མེད་དུ་འཇོག་པ་འམ་རང་བཞིན་གྱིས་ཡལ་སྲིད་ཀྱི་མ་རེད།
༨༽རྒྱ་ནག་གཞུང་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། རྒྱ་ནག་གི་བོད་ཁུལ་དུ་ལྷག་པའི་༼རང་བཙན་རྩོད་ལེན་གྱི་༽གནད་དོན་འདི། ནང་གི་འབྱུང་རྐྱེན་ནི་གཞི་རྩ་ཡིན་པ་དང་། ཕྱིའི་རྐྱེན་རྩ་ནི་ཆ་རྐྱེན་ཞིག་ཡིན་པས། ལྤགས་པ་མེད་ན་སྤུ་ཅི་ལ་བརྟེན་ཞེས་པ་ལྟར་རོ།
དེར་བརྟེན། ཕྱི་ཟླ་ ༢ ཚེས་ ༥ ཉིན་བོད་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལྷན་དུ་ཨ་རི་རྒྱལ་ཡོངས་སྔ་དྲོའི་སྨོན་ལམ་གསོལ་སྟོན་ལ་ཆིབས་སྒྱུར་བསྐྱང་གནང་རྒྱུའི་གནས་ཚུལ་འདི་ཐད། རྒྱ་ནག་གཞུང་གིས་ཧ་ལས་ཧང་སང་དྭོགས་ཀྱིས་ཚོར་བ་རྣོ་པོས་ལན་སློག་དགོས་དོན་མེད།
༸ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལྷན་དུ་སྔ་དྲོའི་སྨོན་ལམ་གསོལ་སྟོན་ཐེངས་གཅིག་གནང་བ་དེས། ག་རེ་ཡོང་རྒྱུ་ཡོད་པ། བལྟས་ཆོག་གི་རེད། ཀའོ་ཧུང་མིང་གིས་༼པེ་ཅིན་༽ནས་ལག་ཐོགས་ཁ་པར་ཨང་གྲངས། ༡༣༥༢༢༢༦༧༦༥༨
ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༤ བྲིས་ཞེས་འཁོད་འདུག།
ཚེ་རིང་དབང་ཕྱུག་ནས་བསྒྱུར་སྒྲིག་ཞུས། ༢༠༡༥།༢།༥ལ།།