ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢ རེས་གཟའ་ཟླ་བ།
༄༅།།འདི་གར་བོད་མི་མང་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཡུ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཐོག་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༤ ཉིན་པེ་རི་སིར་གསུམ་བཅུ་དུས་དྲན་ལས་འགུལ་ཆེད་ཡུ་རོབ་བོད་དང་མཉམ་དུ་ཡོད། (Europe Stands with Tibet) ཅེས་པའི་དྲ་རྒྱ་ཞིག་ཡོངས་ཁྱབ་ཏུ་གསལ་བསྒྲགས་ཞུ་རྒྱུ་ཡིན། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་མང་ཚོགས་འདུ་འཛོམས་ཐོག་གསུང་བཤད་གནང་རྒྱུ་དང་། འདུ་འཛོམས་ཀྱི་ལས་འགུལ་སྐབས་ཆེད་ཕེབས་སྐུ་མགྲོན་དང་གསུང་བཤད་གནང་མཁན་གྱི་གནད་ཡོད་མི་སྣ་རྣམས་ཀྱི་མཚན་གནས་རིང་མིན་ཕྱི་ཟླ་ ༣ ཟླ་འགོར་གསལ་བསྒྲགས་ཞུ་རྒྱུ་ཡིན།
ལས་འགུལ་གྱི་འབྲེལ་མཐུད་པ་ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོས་གསུང་དོན། ལས་འགུལ་གྱི་གྲ་སྒྲིག་ཧ་ཅང་ཡག་པོ་ཡོང་བཞིན་འདུག དཔལ་ལྡན་སྲིད་སྐྱོང་མཆོག་ལས་འགུལ་ལ་མཉམ་ཞུགས་གནང་རྒྱུའི་ཞལ་བཞེས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ལས་འགུལ་འདི་ནི། གཞི་རྒྱ་ཆེ་བ་དང་ཚགས་ཚུད་པོ་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཡུ་རོབ་ཁུལ་གྱི་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་དབང་པོ་བཀྲས་མཐོང་ལགས་རྣམ་གཉིས་ཀྱང་ལས་འགུལ་གོ་སྒྲིག་ཐོག་མཉམ་ཞུགས་བྱེད་མུས་ཡིན།
ཕྱོགས་བཞུགས་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་ཀྱིས་ཡུ་རོབ་བོད་དང་མཉམ་དུ་ཡོད། ཅེས་པའི་ལས་འགུལ་འདིའི་བརྒྱུད་ཡུ་རོབ་མི་མང་ནས་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཇི་ཡོད་མངོན་གསལ་དུ་འདོན་དགོས་པའི་རེ་བ་ལྟར་གོ་སྒྲིག་ཞུ་བ་ཞིག་ཡིན།
སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ལས་འགུལ་འདིར་བོད་མི་ཙམ་མིན་པར་ཡུ་རོབ་ཁུལ་གྱི་བོད་ཀྱི་གྲོགས་པོ་གང་མང་མཉམ་ཞུགས་ཐུབ་པར་ཚང་མས་འབད་བརྩོན་གནང་དགོས། གསུམ་བཅུའི་དུས་དྲན་ཉིན་གཞི་རྒྱ་ཆེ་བའི་མང་ཚོགས་འདུ་འཛོམས་ཀྱི་ཉིན་མོ་དང་བསྟུན་ (Europe Stands with Tibet-On the Freedom Struggle of the Tibetan People ) ཞེས་པའི་བོད་དོན་རྒྱབ་སྐྱོར་དྲིལ་བསྒྲགས་ཡིག་ཆ་གསལ་བསྒྲགས་ཞུ་རྒྱུ་དང་ཆབས་ཅིག་ཡུ་རོབ་ཁུལ་མང་ཚོགས་ནས་བོད་དོན་རྒྱབ་སྐྱོར་སླད་མཚན་རྟགས་བསྡུ་རུབ་ཞུ་རྒྱུ་ཡིན།
རྒྱབ་སྐྱོར་ཡིག་ཆ་དེར་ཐོག་མ་ཡུ་རོབ་ཁུལ་གྱི་གནད་ཡོད་མི་སྣ་ཁག་ནས་༸གོང་ས་མཆོག་གི་དགོངས་བཞེད་འཚེ་མེད་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མི་རིགས་ལ་རྒྱབ་སྐྱོར་མཚོན་བྱེད་མཚན་རྟགས་བསྡུ་ལེན་ཞུ་རྒྱུ་ཡིན། རྒྱབ་སྐྱོར་དྲིལ་བསྒྲགས་ཡིག་ཆ་འདི་ཕྱི་ཟླ་ ༣ ཚེས་ ༡༤ ནས་ཡུ་རོབ་ས་གནས་གང་སར་འགྲེམས་སྤེལ་ཞུས་ཏེ་ཡུ་རོབ་ཁུལ་གྱི་ཆབ་སྲིད་དང་ཆབ་སྲིད་འབྲེལ་མེད་ཀྱི་མི་སྣ་གྲགས་ཅན་དང་། མང་ཚོགས་སྤྱི་བྱིངས་ནས་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་ཞུས་ཏེ་ཕྱི་ཟླ་༧ ཚེས་༦ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མཇུག་བསྒྲིལ་ཞུ་རྒྱུ་དང་སྦྲགས་གྲུབ་འབྲས་གནས་སྟངས་ཡོངས་ཁྱབ་གསལ་བསྒྲགས་ཞུ་འཆར་ཡོད། ལས་འགུལ་འདི་དང་འབྲེལ་བའི་ཐོག་ཡུ་རོབ་སྤྱི་མཐུན་གྱི་འབྲེལ་ཡོད་ལས་ཁུངས་ཁག་དང་། ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་སོ་སོའི་འབྲེལ་ཡོད་གཞུང་གི་ལས་ཁུངས་ཁག་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྣ་མང་སྤེལ་འཆར་ཡོད། པེ་རི་སིར་སྲུང་བརྩི་ཞུ་རྒྱུའི་གསུམ་བཅུའི་དུས་དྲན་ཐེངས་༥༦ པའི་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས་༢༠༡༥ ཟླ་༡ ་ཚེས་༢༩ ཉིན་པེ་རི་སི་དང་། སྦར་སིལ། སྦར་སི་ལོ་ན། ཛུ་རིག་བཅས་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུས།