༢༠༡༥ ཟླ་ ༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༦ ནས་ ༡༥ བར་ར་ཝང་ལ། རུམ་ཏེག སྒང་ཏོག རྡོར་རྗེ་གླིང་། པ་སྒོང་། ཆུང་ཐང་། མུ་ཤི་ཐང་། ཚ་གདིང་། ལ་ཆུང་། མན་གན། ཀ་སྦུག བླ་མ་ཧ་ཊ། པོག་རི་བོང། སོ་ན་ཌ། ཁར་ཤང་། ལྕགས་པོ་རི། ས་ལུ་སྒ་ར་བཅས་སུ་འཚམས་གཟིགས་ཕེབས་ནས་ཕྱི་ཚེས་ ༡༨ ཉིན་ཞུགས་སྒར་དུ་ཕྱིར་ཕེབས་གནང་འདུག དེ་ཡང་ཐེངས་འདིར་བཀའ་བློན་མཆོག་གིས་གོང་འཁོད་ས་གནས་ཁག་ཏུ་མི་མང་དང་སློབ་ཕྲུག དགེ་བཙུན། ཚོང་པ་སོགས་ལ་མ་དང་བྱིས་པའི་འཕྲོད་བསྟེན་སྐོར་དང་། ཊི་བྷི་ནད་གཞི། གཉན་ནད་རེག་དུག སེམས་ཁམས་འཕྲོད་བསྟེན། དེ་བཞིན་མཆིན་པའི་གཉན་ཚད་དང་ཉལ་ཐག་ངན་གོམས། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་སོགས་གོ་རྟོགས་རྒྱ་ཆེ་སྤེལ་འདུག་པ་མ་ཟད། བོད་མིའི་ཁྱིམ་ཚང་ཉམ་ཐག་འགའ་ཤས་ནང་གཟིགས་སྐོར་བསྐྱོད་ནས་ནང་མི་རྣམས་ལ་བརྟག་དཔྱད་ཡང་གནང་འདུག སྤྱིར་བཀའ་བློན་མཆོག་ཐང་དགུ་དང་ལྷོ་ནག་སོགས་སུ་ཕེབས་འཆར་ཡོད་འདུག་ཀྱང་གནམ་གཤིས་ཧ་ཅང་ཞན་པས་ཕེབས་ཐུབ་མེད།
སོ་ན་དར་ཕེབས་འབྱོར་སྐབས་གཞན་ཕན། Shenpen ཞེས་པའི་ནོར་ཝེའི་ Norway རོགས་ཚོགས་ཀྱི་ལྕམ་སྐུ་ཧེ་དི་ཊོང་དེན་ Heidi Trondsen ལགས་དང་མཇལ་འཕྲད་གནང་འདུག སྐབས་དེར་བཀའ་བློན་མཆོག་གིས་གཞན་ཕན་ཚོགས་པས་བོད་མི་རྣམས་ཀྱི་འཕྲོད་བསྟེན་ལ་ད་བར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སོ་ན་ད་བོད་མིའི་འཕྲོད་བསྟེན་ལ་གཞན་ཕན་ཚོགས་པས་གཟིགས་རྟོག་གནང་རྒྱུའི་ཁས་ལེན་གནང་བར་བསྔགས་བརྗོད་ཞུས་པ་དང་སྦྲགས། སོ་ན་དའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་གསུངས་འདུག གཞན་ཡང་བཀའ་བློན་མཆོག་གིས་ལྕགས་པོ་རི་གསོ་བ་རིག་པའི་སྨན་ཁང་གི་འགན་འཛིན་འཕྲིན་ལས་པ་སངས་ལགས་ཐུག་འཕྲད་གནང་། སྐབས་དེར་འགན་འཛིན་གྱིས་ལྕགས་པོ་རི་གསོ་རིག་སྨན་ཁང་དེ་འཕྲོད་བསྟེན་ལས་ཁུངས་འོག་རང་སྐྱོང་སྡེ་ཚན་ཞིག་བཟོ་རྒྱུ་དང་། སྨན་ཁང་འགན་འཛིན་ཡང་བོད་མིའི་སྒྲིག་འཛུགས་ནས་ཆེད་མངགས་གཏོང་གནང་ཡོང་བའི་རེ་འདུན་ཞུས་འདུག
དེ་རྗེས་ཕྱི་ཟླ་ ༢ ཚེས་ ༡༦ ནས་ ༡༧ བཅས་ཉིན་གྲངས་གཉིས་རིང་འཕྲོད་བསྟེན་བཀའ་བློན་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་རྒྱལ་ཡོངས་སྨན་པའི་ལྷན་ཚོགས་ཀྱི་ Medical Council of India དྲུང་ཆེ་མཆོག་དང་མཇལ་འཕྲད་གནང་རྗེས། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་ཕྱག་ལས་གནང་མཁན་ཆེད་ལས་མི་སྣ་ཁག་དང་ཐུག་འཕྲད་ཀྱི་གོ་བསྡུར་གནང་འདུག ཐེངས་འདིར་བཀའ་བློན་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་འབྲེལ་ཡོད་ས་གནས་སོ་སོའི་ས་འཐུས་དང་ས་གནས་འགོ་འཛིན། རྒྱ་དཔོན་བཅུ་དཔོན། དགོན་སྡེ་ཁག་གི་མཁན་བླ་སྤྲུལ་དང་ཕྱག་མཛོད་སོགས་ཀྱི་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་བཅས།།