༢༠༡༥ ཟླ་ ༢ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱང་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༥ ཉིན་ལ་ཏི་ཝི་ཡའི་ Latvia རྒྱལ་ས་རི་གའི་ Riga ནང་ཕེབས་འབྱོར་བྱུང་མཚམས་ཐོག་མར་ཡུལ་དེའི་གྲོས་ཚོགས་ Latvian Parliament བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་གནང་འདུག མཇལ་འཕྲད་གོ་སྒོ་སྒྲིག་ཞུ་མཁན་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མར་ཊིན་ Mr Martins Sics མཆོག་ཡིན་འདུག་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་ད་ལྟའི་ཆར་བོད་ནང་དུ་རྒྱ་ནག་གཞུང་གི་བོད་མིའི་ཆོས་དང་ཆབ་སྲིད་ཀྱི་རང་དབང་ཐོག་དམ་བསྒྲགས་ཇི་ལྟར་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་གཏོར་གཤིག་ཧ་ཅང་བཟོ་བཞིན་པ་དང་། བོད་མི་རྣམས་དེང་སྐབས་དཔལ་འབྱོར་དང་སྤྱི་ཚོགས་ཟུར་ཕུད་བཏང་པ་ཙམ་མ་ཟད། རང་གི་ཐུན་མིན་སྐད་དང་ཡི་གེ་སོགས་ཉམས་རྒུད་ཕྱིན་ནས་བོད་ཡུལ་རྒྱ་ཡུལ་དུ་གྱུར་བཞིན་པའི་ཛ་དྲག་གི་གནས་སྟངས་ཆགས་བཞིན་ཡོད་སྐོར་ཞིབ་ཕྲ་གསལ་བཤད་གནང་འདུག གཞན་ཡང་བཀའ་བློན་མཆོག་གིས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་ཐོག་བོད་ཀྱི་བདེན་པའི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་འདུག
ཉིན་དེར་བཀའ་བློན་མཆོག་གིས་བྷལ་ཊིག་མངའ་ཁུལ་གྱི་གྲགས་ཅན་གསར་འགྱུར་བརྙན་འཕྲིན་ཌེལ་ཕི་ Delfi དང་བྷལ་ཊིག་གསར་འགྱུར་བརྙན་འཕྲིན་ལས་ཁང་ Baltic News Agency ཞེས་པའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག
དེ་རྗེས་སློབ་ཕྲུག་ཁག་གཅིག་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་གནང་བ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་བརྙན་འཕྲིན་ཞིག་ཀྱང་བསྟན་པ་དང་ཆབས་གཅིག་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཀྱང་གོ་སྒྲིག་གནང་འདུག སྐབས་དེར་བཀའ་བློན་མཆོག་གིས་བོད་ཀྱི་རྒྱལ་རབས་སྐོར་ལ་ངོ་སྤྲོད་སྙིང་བསྡུས་ཤིག་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲོམ་གཞི་དང་ལས་དོན། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༣༥ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་བོད་ནང་དུ་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ཞི་རྒོལ་རྔམ་སྟོན་གནང་ཡོད་པའི་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་བོད་རྒྱ་མི་རིགས་གཉིས་སྨན་གྱི་ཐབས་ལམ་ཉག་གཅིག་ཡིན་པ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་བ་མ་ཟད། མཐར་བཀའ་བློན་མཆོག་གིས་སློབ་ཕྲུག་ཚོར་སྤྱི་ཚོགས་དྲ་རྒྱའི་ཐོག་དབུ་མའི་ལམ་ལ་རྒྱབ་སྐྱོར་མཚོན་ཆེད་དབུ་མའི་ལམ་གྱི་དྲ་རྒྱའི་ཁ་བྱང་ཐོག་སློབ་ཕྲུག་སོ་སོའི་འབྲེལ་ཐག་མཐུད་ནས་མཉམ་སྤྱོད་གནང་ན་བོད་དོན་སྤྱི་དང་ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་རྒྱ་སྐྱེད་འགྲོ་རྒྱུ་ཡིན་སྐོར་གསལ་བཤད་གནང་འདུག
ཉིན་གཉིས་པར་ཕྱི་དྲིལ་བཀའ་བློན་མཆོག་གིས་ཡུལ་དེའི་ཉིན་རེའི་གསར་ཤོག་གྲགས་ཆེ་ཤོས་ཡིན་པ་ཌ་ཡི་ན་ Diena ཞེས་པ་དང་བརྙན་འཕྲིན་ས་ཏོ་རི་ Satori TV ཞེས་པའི་གསར་འགོད་པས་བོད་དོན་དང་འབྲེལ་བའི་སྐོར་གྱི་དྲི་བར་ལན་འདེབས་གནང་འདུག ཐེངས་འདིར་བཀའ་བློན་མཆོག་གིས་ལ་ཏི་ཝི་ཡའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཉིན་གཉིས་རིང་མི་མང་འདུ་འཛོམས་གར་ཡོད་སར་དབུ་མའི་གྱི་སྲིད་བྱུས་ལ་ངེས་པར་དོ་སྣང་གནང་ནས་མཁྱེན་ཐབས་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག་པ་དང་།
ལྷག་པར་བཀའ་བློན་མཆོག་གིས་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་སྟབས། ཡུལ་དེའི་མི་མང་ཚོས་གྲོས་ཚོགས་འཐུས་མི་བརྒྱུད་གཞུང་གི་དབུ་ཁྲིད་རྣམས་ལ་གནོན་ཤུགས་སྤྲད་ནསབོད་ཀྱི་གནད་དོན་གསལ་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག
གཞན་ཡང་ཕྱི་ཚེས་ ༢༧ ཉིན་ཕྱི་དྲིལ་བཀའ་བློན་མཆོག་གིས་ལ་ཏི་ཝི་ཡའི་ནང་གི་ལས་དོན་སྤེལ་ཉིན་མཐའ་མའི་སྐབས་ལ་ཏི་ཝི་ཡའི་གསར་འགྱུར་བརྙན་འཕྲིན་ཁག་གི་དྲི་བར་ལན་འདེབས་གནང་རྒྱུ་མ་ཟད། ཡུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་ཨི་སི་ཏོ་ནི་ཡ་ Estonia ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་གསར་འགོད་པ་རྣམས་དང་མཇལ་འཕྲད་གནང་མཐར། མང་ཚོགས་ལ་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་ནས་ཡུལ་དེའི་ནང་གི་གཞུང་འབྲེལ་ལས་དོན་རེ་ཞིག་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག