༢༠༡༥ ཟླ་ ༢ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝཌ་ཀིན་དཔེ་དེབ་ཚོང་ལས་ཚན་པས་ལུས་སེམས་སྲོག་ Watkins Mind Body Spirit magazine ཅེས་པའི་དུས་དེབ་དེ་ལོ་ལྟར་ཕྱི་ཟླ་ ༢ ནང་འདོན་སྤེལ་གནང་སྲོལ་ཡོད་པ་ལྟར། དུས་དེབ་དེའི་ནང་འཛམ་གླིང་ནང་གི་ཆབ་སྲིད་དང་ཆོས་ཕྱོགས། རྩོམ་པ་པོ། གློག་བརྙན་བཟོ་སྐྲུན་པ། དེ་བཞིན་སྒྱུ་རྩལ་བ་སོགས་ཀྱི་ཁྲོད་ཐོག་མར་གྲགས་ཅན་མི་སྣ་ ༦༠༠ འདེམས་སྒྲུག་གནང་བའི་ཁྲོད་ནས་རླབས་ཆེན་མི་སྣ་ ༡༠༠ འདེམས་བཞིན་ཡོད། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རླབས་ཆེན་དབུ་ཁྲིད་བརྒྱ་ཐམ་པའི་མཚན་གཞུང་ནས་སླར་ཡང་ཨང་དང་པོར་འོས་འདེམས་ཞུས་འདུག ལས་འགུལ་འདི་ནི་ཕྱི་ལོ་ ༢༠༡༡ ལོར་ཐོག་མར་དབུ་འཛུགས་གནང་བ་ཞིག་ཡིན་འདུག དེ་ཡང་ཚན་པ་དེའི་དྲ་རྒྱའི་ནང་མཚན་གཞུང་འདེམས་སྒྲུག་གནང་ཕྱོགས་སྐོར་འཁོད་དོན། ང་ཚོས་མི་སྣ་གང་མང་ཚུད་ཐབས་ཆེད་འབད་བརྩོན་གང་ཡོད་ཞུ་བཞིན་ཡོད་པ་བཞིན།
ཐེངས་ འདིར་མཚན་གཞུང་འདེམས་སྒྲུག་བྱེད་སྐབས་འོས་གཞིའི་ནང་ཚུད་ཆེད་དུ་ཆ་རྐྱེན་ཚང་ དགོས་པ་རྣམས་ནས་གལ་གནད་ཆེ་ཤོས་གཙོ་བོ་ཁག་གསུམ་ཡོད་པ་རྣམས་ནི།
༡༽ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ བར་གསོན་པོར་འཚོ་བཞུགས་ཡོད་པ་ཡིན་དགོས་པ།
༢༽གང་ཟག་དེས་ཆོས་ཕྱོགས་ཐོག་འཛམ་གླིང་ཁྱོན་དུ་དམིགས་བསལ་བྱས་རྗེས་བཞག་ཡོད་པ།
༣༽ གང་ཟག་དེའི་སྐོར་དྲྭ་རྒྱའི་ནང་མང་ཚོགས་ཀྱི་ཡང་སེ་དོ་སྣང་བྱས་ཏེ་མང་ཚོགས་ཁྲོད་གླེང་སློང་ཤུགས་ཆེ་དགོས་པ་སོགས་ཚང་དགོས་ཀྱི་ཡོད་སྐོར་འཁོད་འདུག
དེ་ཡང་ལུས་སེམས་སྲོག་ Watkins Mind Body Spirit magazine ཅེས་པའི་དུས་དེབ་ཀྱི་དྲ་རྒྱའི་སྟེང་ཕྱི་ལོ་ ༢༠༡༥ ལོ
འི་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་སེམས་འགུལ་རླབས་ཆེ་ཤོས་གཏོང་གནང་མཛད་མཁན་མི་སྣ་གྲགས་ཅན་བརྒྱའི་མཚན་གཞུང་གསལ་བསྒྲགས་གནང་བའི་ནང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨང་དང་པོར་འདེམས་ཐོན་བྱུང་ཡོད་སྐོར་བཀོད་ནས་གཤམ་དུ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་མཛད་རྣམ་ཞིབ་ཕྲ་བཀོད་ཡོད་འདུག་པ་ནི། ལོ་གསར་པ་ཤར་པ་དང་དུས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྔར་བས་རྒྱལ་རྒྱུའི་རྟེན་འབྲེལ་ཧ་ཅང་བཟང་བས་ང་ཚོ་བོད་འབངས་རྣམས་དགའ་རྒུ་ཡི་རང་ངང་ནས་གོང་གསལ་དུས་དེབ་རྩོམ་སྒྲིག་ཚོགས་ཆུང་དང་འོས་འཕེན་པ་རྣམས་ཀྱིས་དྲང་བདེན་ལ་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་བཀྲིན་ཆེ་ཞུ་རྒྱུ་ལགས།