ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ལོར་འཛམ་གླིང་ནང་ཡིད་སྨོན་ཆེ་ཤོས་ཞུ་སའི་ (World’s most admired 2015)སྐྱེས་པ་དང་བུད་མེད་སུ་ཡིན་ཐོག་ཡུ་གྷོཕ་ (You Gov) ཞེས་པའི་རྒྱལ་སྤྱི་ཚོང་ལས་ཉམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༢ ནང་དྲ་ལམ་ཐོག་རྒྱལ་ཁབ་ ༣༤ ཙམ་ནས་བསམ་ཚུལ་བསྡུ་རུབ་བྱེད་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་ཡིད་སྨོན་ཆེ་ཤོས་ཞུ་སའི་མི་སྣ་ཨང་བདུན་པའི་མཚན་སྙན་ཐོབ་ཡོད་འདུག
དེ་ཡང་རྒྱ་ནག་དང་ནའི་ཇེ་རི་ཡ་ཕུད་པའི་རྒྱལ་ཁབ་གཞན་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རླབས་ཆེན་གྱི་མི་སྣར་གདེང་འཇོག་དང་། ཡིད་སྨོན་ཆེ་ཤོས་ཞུ་སའི་གྲས་སུ་ངོས་འཛིན་ཞུས་ཡོད་པ་མ་ཟད། ལྷག་པར་ཕ་རཱན་སི་དང་། སྭི་ཌེན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་སྨོན་ཆེ་ཤོས་ཞུ་སའི་མི་སྣར་ངོས་འཛིན་ཞུས་ཡོད་པ་དང་། ནོར་ཝེ་དང་ཇར་མན་ནང་ཨང་གཉིས་པ་དང་། ཌེན་མཀ་ནང་ཨང་གསུམ་པར་ངོས་འཛིན་ཞུས་འདུག
འཛམ་གླིང་ནང་ཡིད་སྨོན་ཆེ་ཤོས་ཞུ་སའི་སྐྱེས་པ་ཁྲོད་ཨང་དང་པོ་ནི། ཨ་རིའི་ Microsoft གསར་འཛུགས་གནང་མཁན་བྷིལ་གྷེཌ་དང་། གཉིས་པ་ཨ་རིའི་སྲིད་འཛིན་ཨོ་བྷ་མ། གསུམ་པ་རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིན། བཞི་པ་གློག་བརྙན་འཁྲབ་སྟོན་པ་ཇེ་ཀི་ཅེན། ལྔ་པ་རྒྱ་གར་གྱི་སྲིད་བློན་མོ་དྷི། དྲུག་པ་ཡེ་ཤུའི་བླ་ཆེན་པོབ་ཕ་རན་སི་སི། བདུན་པ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག བརྒྱད་པ་རྒྱ་རིགས་ཚོང་པ་ཇེག་མ། དགུ་པ་དངོས་ཁམས་རིག་པར་མཁས་པ་སི་ཊེ་ཕིན་ཧོ་ཀིན། བཅུ་པ་རྐང་རྩེད་སྤོ་ལོ་བ་ཌེ་བྷིཊ་བྷེ་གྷམ་བཅས་ཡིན་འདུག
དེ་བཞིན་བུད་མེད་ཁོངས་ཨང་དང་པོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཨེན་ཇེ་ལ་ཇོ་ལི་དང་། གཉིས་པ་ཉེ་ཆར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་མ་ལ་ལ་ཡུ་སུབ་ཛ་ཡ། གསུམ་པ་ཧི་ལེ་རི་ཀི་ལིན་ཊོན། བཞི་པ་དབྱིན་ཡུལ་གྱི་རྒྱལ་མོ་ཨི་ལེ་ཛ་བེཏ། ལྔ་པ་མི་ཤེལ་ཨོ་བྷ་མ། ཨན་སན་སུ་ཀི་སོགས་ཡིན་འདུག་པ་བཅས།།