ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་ཝེའི་གྲོང་ཁྱེར་ཊོ་རོནཌ་ཧེམ་ (Trondheim) དུ་ས་གནས་ཀྱི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་ནོར་ཝེ་དང་ཉེ་ཁུལ་ནས་བཅར་བའི་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་དོན། ང་ཚོ་བཙན་བྱོལ་བ་ཆགས་ཏེ་མི་ལོ་ ༥༦ ལྷག་གི་རིང་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལྷག་བསམ་དང་སྙིང་སྟོབས་འགྱུར་བ་མེད་པར་བསྡད་ཡོད། རྒྱ་རིགས་གྲོགས་པོ་ཚོས་སོ་སོའི་རིག་གཞུང་ལ་དགའ་ཞེན་ཡོད་པ་ལྟར། ང་ཚོ་བོད་པར་ཡིན་ན་ཡང་སོ་སོའི་སྐད་དང་། རིག་གཞུང་ལ་དགའ་ཞེན་བྱས་ཏེ་བདག་གཅེས་བྱེད་ཀྱི་ཡོད། རྒྱ་ནག་ནང་འགྱུར་བ་ཧ་ཅང་འགྲོ་བཞིན་ཡོད། བོད་མི་ཡོངས་ཀྱིས་ད་བར་དཀའ་ངལ་ལ་གདོང་ལེན་བྱས་པར་བརྟེན་བོད་མི་རྣམས་བོད་ནང་ཕྱིར་ལོག་བྱ་རྒྱུའི་གོ་སྐབས་ཤིག་ཏན་ཏན་ཡོང་རྒྱུ་ཡིན་པས་སེམས་ཤུགས་ཆག་རྒྱུ་མེད།ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཊོ་རོནཌ་ཧེམ་ནང་པའི་ལྷན་ཚོགས་ (Trondheim Buddhist Association) ཀྱི་ཚོགས་མི་སེར་སྐྱ་ཕོ་མོ་ཚོར་མཇལ་ཁ་སྩལ་འདུག མཇལ་བཅར་ཞུ་མཁན་ཁོངས་ནང་པའི་ཡུལ་གྲུ་ཐའི་ལེནཌ་དང་། བྷར་མ། ཝེཊ་ནམ་སོགས་ཀྱི་མི་རིགས་རྣམས་ལ་ནང་ཆོས་ལ་དད་པ་བྱེད་པ་ཙམ་གྱིས་འགྲིག་གི་མེད་པའི་ནང་ཆོས་ལ་སློབ་སྦྱོང་བྱེད་ནས་དུས་རབས་ ༢༡ པའི་ནང་པ་ཤིག་བྱེད་དགོས་པའི་བཀའ་སློབ་སྩལ་འདུག དེ་ནས་མགོན་པོ་གང་ཉིད་མཆོག་ཌེན་མག་ཏུ་ཆིབས་ཞལ་སྒྱུར་ཏེ། རྒྱལ་ས་ཀོ་པན་ཧེ་གྷན་ནང་༸ཞབས་སོར་འཁོད་སྐབས། ཡུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་དང་། ཆིབས་སྒྱུར་གསོལ་འདེབས་ཞུ་མཁན་ལ་ཁྭ་རིན་པོ་ཆེ་དབུས་པའི་ཌེ་མཀ་ནང་གི་དང་བླངས་ཚོགས་པ་ཁག་བདུན་གྱི་སྐུ་ཚབ་འཐུས་མི་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་འདུག བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་ས་གནས་བོད་མི་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག མཛད་འཕྲིན་གྱི་ཐོག་མར་ཁ་སང་ཉིན་རྒྱབ་ཆིབས་སྒྱུར་གོ་སྒྲིག་ཚོགས་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་དང་མཇལ་འཕྲད་མཛད་འདུག ༸གོང་ས་མཆོག་ས་ཁུལ་གང་དུ་ཆིབས་སྒྱུར་མཛད་ཀྱང་བོད་རིགས་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་བཞིན་པ་ལྟར། ཌེན་མཀ་གནས་སྡོད་བོད་མི་ཚོ་ལའང་མཇལ་ཁ་དང་སྦྲགས་རང་གི་མི་རིགས་ཀྱི་ངོམས་སུ་ཆོག་པའི་ཆོས་དང་། སྐད་ཡིག་རིག་གཞུང་རྒྱུན་འཛིན་དང་། དུས་མཚུངས་བོད་པའི་ཡ་རབས་བཟང་སྤྱོད་མི་ཉམས་པ་བྱེད་དགོས་པའི་བླང་དོར་ལམ་སྟོན་བཀའ་སློབ་སྩལ་འདུག