ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༦ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སི་གྲོང་ཁྱེར་བྷ་སེལ་(Basel) དུ་༸ཞབས་སོར་འཁོད་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་ཛུ་རིཀ་ (Zurich) གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། ཡུ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་དང་། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ་ཐུབ་བསྟན་ལེགས་སྨོན་ལགས། སུད་སི་དང་ལེཀ་ཏེན་སིཌ་ཡན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། བོད་དོན་རྒྱབ་སྐྱོར་བ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་གིས་བོད་ཀྱི་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག