ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པས་ (Youth Buddhist Society) ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། རྒྱ་གར་བྱང་ཕྱོགས་སན་ཀི་སའམ་ལྷ་བབས་ཀྱི་གནས་ཞེས་པའི་ནང་པའི་གནས་ཆེན་དུ་རྒྱ་གར་གཙོ་བོར་གྱུར་བའི་བོད་པ་དང་། ཤར་ཨེ་ཤི་ཡ། ཡུ་རོབ། བྱང་ཨ་མི་རི་ཀ་སོགས་ཡུལ་གྲུ་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༢༠༠༠༠ ཙམ་ལ་ཉིན་གྲངས་གཉིས་རིང་གསུང་ཆོས་སྩལ་ཡོད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཨུ་ཏྟར་པྲ་དེཤ་མངའ་སྡེའི་ཕ་རུ་ཁཱ་བྷཏ་ (Farukhabad) རྫོང་ཁོངས་སུ་ཡོད་པ་ནང་པའི་གནས་ཆེན་སན་ཀི་ས་ (Sankisa) བོད་སྐད་དུ་ལྷ་བབས་གནས་སུ་༸ཞབས་སོར་འཁོད་སྐབས། མངའ་སྡེའི་བཟོ་རིག་ཤེས་ཡོན་བློན་ཆེན་སྐུ་ཞབས་ཨ་ལོཀ་ཀུ་མཱར་ཤཱཀྱ་ལགས་ཀྱིས་གཙོས་ས་གནས་ཀྱི་དཔོན་རིགས་དང་། ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
མགོན་པོ་གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་འཁོད་མཚམས་ཐད་ཀར་གནས་གཟིགས་ལ་ཕེབས་སྟེ། སྨོན་ལམ་སོགས་གསུང་འདོན་མཛད་འདུག་པ་མ་ཟད། ཕྱི་ཚེས་ ༣༡ དང་ཕྱི་ཟླ་ ༢ ཚེས་ ༡ བཅས་ཉིན་གྲངས་གཉིས་རིང་རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་། ཆོས་ཀྱི་ཚིགས་སུ་བཅད་པ་བཅས་ཀྱི་ཆོས་འབྲེལ་སོགས་སྩལ་གནང་བ་དང་། རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པའི་ཤེས་ཡོན་བསྟི་གནས་ཁང་ཞིག་དབུ་འབྱེད་གནང་སྟེ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སྐུ་གོང་མས་ནང་པའི་གནས་ཆེན་ཁག་ཏུ་མཆོད་རྟེན་བཞེངས་རྒྱུའི་ཐུགས་འདོད་ཡོད་པ་བཞིན་འབྲེལ་ཡོད་ཞེ་ཆེན་དགོན་པས་གསར་བཞེངས་གནང་བའི་མཆོད་རྟེན་ལ་རབ་གནས་ཀྱང་མཛད་འདུག
དེ་ནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་སྟེ་ཨུ་ཏྟར་པྲ་དེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་མཛད་དེ་༸གོང་ས་མཆོག་གིས་མཛེས་སྡུག་རང་བཞིན་ལྡན་པའི་གནས་མཆོག་འདི་མ་འོངས་པར་རྒྱ་སྐྱེད་གཏོང་ཐབས་དགོས་པའི་ལམ་སྟོན་ཡང་མཛད།
སན་ཀི་ས་ནི་སྔོན་སྟོན་པ་ཤཱཀྱ་ཐུབ་པའི་ཡུམ་སྒྱུ་མ་ལྷ་མཛེས་ལྷ་ཡུལ་དུ་འཁྲུངས་པ་མངོན་ཤེས་ཀྱིས་གཟིགས་ཏེ། ཆོས་གསུང་པའི་ཆེད་དུ་སྟོན་པ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ཡུམ་དང་ལྷ་ཚོགས་རྣམས་ལ་ཆོས་གསུངས་ཤིང་དབྱར་ཞལ་གྱི་བཞེས་ཤིང་བཞུགས་པར་སན་ཀི་སའི་རྒྱལ་པོ་གསལ་རྒྱལ་སྟོན་པ་དྲན་ནས་རྫུ་འཕྲུལ་ལ་ཐོགས་མེད་མོའུ་གལ་གྱི་བུ་རྒྱུད་སྟོན་པ་མི་ཡུལ་དུ་བྱོན་པའི་གསོལ་འདེབས་ཞུས་པར། སྟོན་པ་ལྷ་མིའི་འཁོར་དང་བཅས་པ་རྫུ་འཕྲུལ་གྱི་སྐས་འཛེགས་བརྒྱུད་ནས་སླར་མི་ཡུལ་དུ་བྱོན་པའི་གནས་དེ་ཡིན་པ་ངོས་འཛིན་བྱེད་བཞིན་པ་དང་། ཡོངས་གྲགས་སུ་ལྷ་ལས་བབས་པའི་གནས་སམ་ལྷ་བབས་གནས་ཞེས་ཀྱང་བརྗོད་ཀྱི་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་ངོ་ ༥༥ གོང་སྟེ་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཟླ་བ་དགུ་ཙམ་གྱི་རྗེས་གནས་མཆོག་འདིར་གནས་གཟིགས་མཛད་ཡོད། སྐབས་དེར་བསྐྱོན་པའི་སྐུ་པར་ཞིག་དང་ཕྱག་བྲིས་ཤིག་ད་ལྟ་ས་ཁུལ་དེར་ཡོད་པའི་ཁྱིམ་ཚང་ཞིག་གིས་བདག་ཉར་བྱས་ཡོད་པ་དེ་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་འདུག ཕྱག་བྲིས་དེའི་ནང་༸གོང་ས་མཆོག་གིས་ལྷ་བབས་གནས་ཀྱི་བྱུང་བ་ངོ་སྤྲོད་མཛད་ཅིང་བོད་མི་ཚོས་བོད་ཟླ་ ༩ ཚེས་ ༢༢ ཉིན་སངས་རྒྱས་ལྷ་ཡུལ་ནས་མི་ཡུལ་དུ་ཕེབས་པར་ངོས་འཛིན་གྱིས་ལོ་ལྟར་གོང་གསལ་དུས་ཚེས་ཉིན་ལྷ་བབ་དུས་ཆེན་སྲུང་བརྩི་ཞུ་སྲོལ་སྐོར་འཁོད་ཡོད། །