༢༠༡༥ ཟླ་ ༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ལྷོ་ཨ་མི་རི་ཁའི་གླིང་ཆེན་ཁུལ་གྱི་རྒྱལ་ཁབ་རྣམས་ལ་འབྲེལ་བ་གནང་མཁན་ད་བར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནང་ལྷོ་ཨ་མི་རི་ཁའི་འབྲེལ་མཐུད་པ་ཞེས་པའི་མིང་གནས་ཅན་གྱི་འགན་འཛིན་ལས་བྱེད་གཅིག་ཡོད་མུར། འདས་པའི་ལོ་གཉིས་ནང་ལྷོ་ཨ་མི་རི་ཁར་སྐུ་ཚབ་དོན་གཅོད་ལས་ཁུངས་ཤིག་ཟུར་འཛུགས་གནང་རྒྱུའི་ཐད་རྟོག་ཞིབ་དང་འཆར་འགོད་ལས་དོན་རིམ་པར་ཞུས་འབྲས་སུ།
ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡ ནས་ལྷོ་ཨ་མི་རི་ཁའི་གླིང་ཆེན་ཁུལ་གྱི་རྒྱལ་ཁབ་དང་ས་ཁུལ་རྣམས་ཀྱི་ཆེད་སྦ་ར་ ཛིལ་(Brazil) དུ་བོད་ཀྱི་རིག་གཞུང་ཁང་ (Tibet House Brazil) གི་ངོ་བོར་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཤིག་གསར་འཛུགས་གནང་རྒྱུའི་ཐག་གཅོད་གནང་བ་དང་སྦྲགས། བཀའ་ཤག་ནས་ད་ལྟ་ལྷོ་ཨ་མི་རི་ཁའི་འབྲེལ་མཐུད་པ་དྲུང་ཆེ་ཚེ་དབང་ཕུན་ཚོགས་ལགས་སུ་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་གཞག་གནང་འདུག དེ་ཡང་སྐུ་ཚབ་དོན་གཅོད་ཀྱི་ལས་ཡུན་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡ ནས་དབུ་འཛུགས་གནང་རྒྱུ་ཡིན་འདུག