ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་༸ཞབས་སོར་བདེ་བར་འཁོད་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་ཕྱི་ཚེས་ ༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཆིབས་ཞལ་བསྒྱུར་ཏེ་ཇར་མ་ནིའི་ཕི་རེང་ཕཊ་དུ་མཚན་གཅིག་ཞུགས་བཞག་མཛད་དེ་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར་རྒྱལ་ས་ཝ་ཤིང་ཊོན་ (Dulles) གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཨ་རི་གཞུང་གི་སྤྱི་ཁྱབ་སྣེ་ལེན་པ་དང་། ཨ་རི་རྒྱ་གར་གཞུང་ཚབ་ཀྱི་དྲུང་ཆེ། ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སོགས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ནས་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་ས་གནས་བོད་མི་བཞི་ཡིས་གྲོ་སོ་ཕྱེ་མར་འདེགས་འབུལ་དང་འབྲེལ་བོད་མི་ ༢༠༠ ལྷག་གིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་ཞུས་ཡོད་པ་མ་ཟད། བོད་མི་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་བཞུགས་གནས་མགྲོན་ཁང་དུ་གདན་འདྲེན་ཞུས་ཡོད། མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༤ ཉིན་ནས་མཛད་འཕྲིན་ཁག་དབུ་འཛུགས་མཛད་རྒྱུ་ཡིན་འདུག་པ་བཅས།།