༢༠༡༥ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༤ ཉིན་བཞུགས་སྒར་རྡ་སའི་ཉེ་འགྲམ་དབུས་སྣེ་ལེན་འབྲེལ་མཐུད་ཚོགས་ཁང་ནང་འཕྲོད་བསྟེན་ལས་ཁུངས་ནས་གོ་སྒྲིག་ཐོག་ས་གནས་ཁག་ ༣༠ ཙམ་ནས་ས་གནས་འགོ་འཛིན་དང་། སྨན་ཁང་འགན་འཛིན། སྨན་པ། ས་གནས་འབྲེལ་ལས་བཅས་མི་གྲངས་ ༥༢ ཙམ་ལ་ཉིན་གྲངས་གཉིས་རིང་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་བསྐྱར་བཅོས་སྐོར་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག འཕྲོད་བསྟེན་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད་རྣམ་པ། ཕྱོགས་མཐའི་ས་གནས་ཁག་གི་ཟབ་སྦྱོང་དུ་བཅར་མཁན་རྣམ་པ་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་། དེ་ནས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ད་རེས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་འབྲེལ་བའི་ཟབ་སྦྱོང་དང་ཚོགས་འདུར་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། འཕྲོད་བསྟེན་དྲུང་ཆེས་གཙོས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམ་པ། དེ་བཞིན་ཟབ་སྦྱོང་དང་ཚོགས་འདུར་བཅར་བའི་ས་གནས་འགོ་འཛིན་རྣམ་པ་དང་། སྨན་པ། སྨན་ཁང་འགན་འཛིན། སྨན་ཞབས་པ། འབྲེལ་ལས་བཅས་ལ་ངས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཟབ་སྦྱོང་འདི་གཙོ་བོ་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། འདི་དང་འབྲེལ་བའི་དོན་ཚན་ཁ་ཤས་ཤིག་ཞུ་ན་བསམས་བྱུང་། ཚང་མས་མཁྱེན་གསལ་རེད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་བོད་མིའི་སྒྲིག་འཛུགས་ནས་མང་ཚོགས་ལ་ཕན་པའི་ལས་གཞི་ནང་ནས་ལས་གཞི་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་གལ་གནད་ཆེ་བའི་ལས་དོན་ལྔ་ཡོད་པའི་ནང་ནས་གཅིག་དེ་སྨན་བཅོས་ལྟ་སྐྱོང་ལས་གཞི་ཡིན།
སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ནས་འགོ་བཙུགས་པ་རེད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་འགོ་བཙུགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་ནང་སྐྱབས་བཅོལ་བོད་མི་ཁྲི་བདུན་ལྷག་ཙམ་ཡོད་པའི་ནང་ནས་མི་མང་བརྒྱ་ཆ་ ༩༠ ལྷག་ལ་འཕྲོད་བསྟེན་ཉེན་སྲུང་མེད་སྟབས། ནད་གཞི་ཚབས་ཆེ་དང་ཛ་དྲག་རིགས་བྱུང་སྐབས་སྨན་ཁང་ཆེ་ཁག་ལ་སྨན་བཅོས་རིམ་པ་གཉིས་པ་དང་གསུམ་པ་བྱེད་པར་སྐྱོད་སྐབས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྟེན། བཀའ་ཤག་གིས་འདིའི་ཐོག་དམིགས་བསལ་དགོངས་པ་བཞེས་ནས་ཛ་དྲག་སྨན་བཅོས་མིན་པར་མ་འོངས་པར་ཕུགས་རྒྱང་རིང་པོའི་ལས་གཞི་བསམ་བློ་གཏོང་རྒྱུ་མི་འདུག་གམ་ཞེས་བཀའ་ཕེབས་དོན་བཞིན།འཕྲོད་བསྟེན་ལས་ཁུངས་ནས་ཞིབ་འཇུག་མང་པོ་བྱས་མཐར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྲིད་བྱུས་བཟོས་ནས་བཀའ་ཤག་ལ་ཕུལ་ཏེ་བཀའ་ཤག་གིས་བཀའ་འཁྲོལ་གནང་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་གཏན་འབེབས་གནང་ཡོད།
ལས་གཞི་འདི་ནི་མང་ཚོགས་ཀྱི་བདེ་རྩའི་ཆེད་དུ་བཙུགས་པ་ཞིག་ཡིན་པ་ལས་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ངོས་ནས་ཚོང་དང་ཁེ་བཟང་ཆེད་བཙུགས་པ་ཞིག་མིན། ལས་གཞི་འདི་མགོ་འཛུགས་བྱས་ཏེ་ལོ་རིམ་གསུམ་པ་འགྲོ་བཞིན་ཡོད་པ་མ་ཟད། ཟླ་གཉིས་རྗེས་ལོ་བཞི་པར་ཁ་ཕྱོགས་ཀྱི་ཡོད། ཨ་རིའི་རོགས་ཚོགས་ནས་འཕྲོད་བསྟེན་ལས་ཁུངས་ལ་ཨ་སྒོར་ས་ཡ་ ༣ དང་འབུམ་ ༢ གི་རོགས་དངུལ་གནང་པ་མ་ཟད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདིའི་སྒྲོམ་གཞིར་སྤྱི་ཡོངས་ཞིབ་འཇུག་གནང་མཁན་ཆེད་ལས་པ་གླས་ཏེ་བསྐྱར་བཅོས་ཕྲན་བུ་བཏང་ཡོད་སྟབས། ས་གནས་འགོ་འཛིན་དང་སྨན་པ། སྨན་ཁང་འགན་འཛིན། འབྲེལ་ཡོད་ཚང་མར་མཁྱེན་རྟོགས་ཡོང་ཆེད་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྩ་བའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་བཀའ་ཤག་སྐབས་གོང་མས་འཆར་གཞི་རོབ་ཙམ་སྒྲིག་འདུག ལས་གཞི་དངོས་སུ་བཀའ་ཤག་སྐབས་ ༡༤ པས་འབད་བརྩོན་མུ་མཐུད་བྱས་ཏེ་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ནས་འགོ་བཙུགས་པ་རེད། འོན་ཀྱང་ལས་གཞི་འདིའི་ནང་འཛུལ་ཞུགས་གནང་མཁན་ཉུང་ཤས་ལས་བྱུང་མེད། ལས་གཞི་འདིའི་ནང་མི་མང་སྐྱོ་བོ་རྣམས་ཚུད་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འཕྲོད་བསྟེན་ལས་ཁུངས་ནས་འདིའི་ཐོག་འབད་བརྩོན་དང་ཁྱབ་བསྒྲགས་རྒྱ་གང་ཆེ་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཨ་རི་གཞུང་ནས་ཨ་སྒོར་ས་ཡ་གསུམ་དང་འབུམ་གཉིས་གནང་བ་དེ་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན།
ཨ་རི་གཞུང་ནས་འཕྲོད་བསྟེན་ལས་ཁུངས་ལ་རོགས་དངུལ་གནང་བ་དེ་དག་འགྲོ་གྲོན་མ་གནང་གོང་རྣམ་པ་ཚོའི་དགོངས་ཚུལ་གང་ཡོད་པ་རྣམས་སྤུངས་ནས་བསྐྱར་བཅོས་གཏོང་དགོས་པ་ཁག་བསྐྱར་བཅོས་གཏང་ནས་མི་མང་ལ་གསལ་བསྒྲགས་བྱེད་ནས་ལག་བསྟར་གནང་བ་ཡིན་ན། ལས་གཞི་འདི་ཚགས་ཚུད་པོ་དང་། མི་མང་འཛུལ་ཞུགས་གནང་མཁན་མང་བ་ཡོང་ངེས་རེད། རོགས་དངུལ་འདི་ལས་གཞི་དང་འབྲེལ་བ་ཡོད་པའི་ལས་བྱེད་ལ་ཟབ་སྦྱོང་དང་། མ་དང་བྱིས་པའི་འཕྲོད་བསྟེན། གློ་ནད་ཀྲི་བི་ལས་གཞི། གཉན་ནད་རེག་དུག འཕྲོད་བསྟེན་གྲངས་ཐོའི་ལས་གཞི་དང་སློབ་གསོའི་ལས་གཞི་ཆེད་གནང་བ་ཞིག་ཡིན།
ཉེ་ཆར་ཨ་རི་གཞུང་གི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གྲོས་ཆོད་བཞག་སྟེ་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་དེ་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཆེད་ལས་འཆར་གསར་པ་ཞིག་གི་ཐོག་རོགས་དངུལ་ཨ་སྒོར་ས་ཡ་གསུམ་བཀའ་འཁྲོལ་གནང་བ་དེའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་དང་། བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་པོ་ཐོན་ཐུབ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།།