༢༠༡༥ ཟླ་ ༡ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢།༡༣ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་ལྷོ་ཕྱོགས་ཅེན་ནའི་ Chennai གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མ་ད་ར་སིའི་གཙུག་ལག་སློབ་གཉེར་ཁང་། University of Madras ཞེས་པའི་ནང་། ༡) ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་གསུམ་དང་། ༢) འཕགས་བོད་གཉིས་གནའ་དེང་གི་འབྲེལ་བའི་སྐོར། ༣) བོད་ནང་རང་ལུས་མེར་སྲེག བཅས་བརྗོད་གཞི་གཙོ་བོ་གསུམ་གྱི་ཐོག་པར་རིགས་དང་བརྙན་འཕྲིན་བརྒྱུད་འགྲེམས་སྟོན་གྱི་ལམ་ནས་བོད་དོན་གོ་རྟོགས་རྒྱ་ཆེ་སྤེལ་འདུག དེ་ཡང་ཉིན་དང་པོའི་ལས་གཞི་ཐོག་མར་འགོ་འཛུགས་མ་གནང་གོང་གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་འགྲེམས་སྟོན་གྱི་ངོ་བོ་དང་དམིགས་ཡུལ་སོགས་ཞིབ་ཕྲ་གསལ་བཤད་གནང་།
སྐབས་དེར་གཙུག་ལག་སློབ་གྲྭའི་ཆབ་སྲིད་དང་སྤྱི་དམངས་འཛིན་སྐྱོང་ཚན་པའི་འགན་འཛིན་འབུམ་རམས་པ་སྐུ་ཞབས་ཨར་མ་ནི་ཝ་ནམ་ Dr. R. Manivannan ལགས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་གནས་སྟངས་དེ་ནི་དུས་རབས་ ༢༠ པའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་ཁྲོད་གནས་སྟངས་འཚབ་ཆེ་ཤོས་ཤིག་ཆགས་ཡོད་པ་མ་ཟད།
དེང་སྐབས་དུས་རབས་ ༢༡ ནང་བསླེབས་ཡོད་ཀྱང་བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་ཤིག་དང་རྩིས་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་ཡོད་སྐོར་ངོ་སྤྲོད་མདོར་ཙམ་གནང་།
དེ་ནས་དགེ་ལས་སློབ་ཕྲུག་མི་གྲངས་ ༥༠༠ ཙམ་གྱིས་བོད་དོན་པར་རིགས་དང་དངོས་བྱུང་གློག་བརྙན་སོགས་ལ་ཧ་ཅང་དོ་སྣང་ཆེན་པོས་མཐོང་ཐོས་མྱོང་གསུམ་གྱིས་ཐོག་ནས་གོ་རྟོགས་རྒྱ་ཆེ་བྱུང་ཐུབ་འདུག དེ་ཡང་བརྙན་འཕྲིན་ལ་མཚོན་ན། བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་རང་ལུས་མེར་སྲེག་གི་གནས་ཚུལ་སྟུད་མར་བྱུང་བ་རྣམས་དང་གཞན་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བོད་མིའི་རིག་གཞུང་སྐོར་སོགས་ཡིན་འདུག ཕྱོགས་མཚུངས་སྐབས་དེར་ཕྱི་དྲིལ་ལས་ཁུངས་ནས་པར་རིགས་འགྲེམས་སྤེལ་ཞུས་པའི་དབུ་མའི་ལམ་གྱི་སྐོར་དང་། བོད་མིའི་སྒྲིག་འཛུགས་དང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ངོ་སྤྲོད་ལག་དེབ་སོགས་འགྲེམས་སྤེལ་རྒྱ་ཆེ་གནང་འདུག དེ་ཡང་ཐེངས་འདིར་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་གསུམ་ཡོད་པ་རྣམས་ནི་བསྟན་འཛིན་རབ་བྱམས་ལགས་དང་ཚེ་རིང་དབང་བསྡུས་ལགས། ཀུན་དགའ་ཕུན་ཚོགས་ལགས་བཅས་ཡིན་འདུག