༢༠༡༥ ཟླ་ ༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་པུ་ནེར་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ལྷན་ཚོགས་ཐེངས་ལྔ་པར་ཆོས་ལུགས་དང་འབྲེལ་བའི་དཀའ་རྙོག་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
དེ་ཡང་ལྷན་ཚོགས་ཉིན་མཐའ་མའི་མཛད་སྒོར་རྒྱ་གར་རྒྱལ་ཡོངས་ནས་སློབ་མ་ཁྱོན་མི་གྲངས་ཆིག་ཁྲི་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར། སྲིད་སྐྱོང་མཆོག་གིས་ལོ་རྒྱུས་སྙིང་བསྡུས་ཤིག་བརྙན་འཕྲིན་བརྒྱུད་མང་ཚོགས་ལ་ངོ་སྤྲོད་གནང་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ང་རང་དེ་རིང་འདིར་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ལྷན་ཚོགས་ཐེངས་ལྔ་པའི་ཐོག་གཏམ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྣམ་པ་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ལྷན་ཚོགས་ཐོག་ངོས་རང་མགྲོན་འབོད་གནང་བར་ཆེ་མཐོང་ཧ་ཅང་ཆེན་པོ་ཐོབ་པ་ཞིག་བྱུང་། ཆོས་ལུགས་ཀྱི་དཀའ་རྙོག་དང་འབྲེལ་བའི་བརྗོད་གཞི་འདི་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། དེང་སྐབས་ས་ཕྱོགས་གང་སར་འཚེ་བའི་དོན་རྐྱེན་བྱུང་བཞིན་ཡོད།
ཆོས་ལུགས་ཚང་མར་བཟང་པོའི་བསླབ་བྱ་གཅིག་མཚུངས་ཡོད་པ་དང་། བྱམས་པ་དང་བརྩེ་བ། ཞི་བདེ་བཅས་ལ་སློབ་སྦྱོང་བྱེད་དགོས་པ་གཅིག་མཚུགས་གསུང་གི་ཡོད། འོན་ཀྱང་ཆོས་ཀྱི་མིང་ཐོག་ནས་འཛམ་གླིང་ནང་དཀའ་ངལ་ཡོང་བཞིན་ཡོད་པ་རྣམས་ཆོས་ཉམས་ལེན་བྱེད་མཁན་ཚོས་མ་ཤེས་པ་དང་འགྲེལ་བརྗོད་ལོག་པའི་རྐྱེན་གྱིས་ཡོང་གི་ཡོད། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་ཡོང་ཐབས་སུ་ཕན་ཚུན་དབར་གོ་བསྡུར་སྦྱང་བཤད་དང་། དག་སྣང་སྦྱོང་རེས་བྱེད་དགོས། བདག་ཉིད་ཆེན་པོ་གན་དྷིས་གསུང་པའི་རྒྱ་གར་གྱི་ཆོས་ལུགས་ཚང་མར་འདྲ་མཉམ་བལྟ་རྒྱུའི་ཆོས་ལུགས་རིས་མེད་ཀྱི་བལྟ་གྲུབ་ནི་ཡང་དག་པ་ཞིག་ཡིན། དེ་བཞིན་ཆོས་ཀྱི་བསླབ་བྱ་ངོ་མ་དང་ཆོས་ལུགས་ལ་རྟེན་པའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་ཆོ་ག་ཕྱག་ལེན་གཉིས་དབར་དབྱེ་བ་འབྱེད་རྒྱུ་གལ་ཆེན་པ་ཡིན།
ཞེས་སོགས་ཀྱི་གསུང་བཤད་གནང་སྐབས་ཚོགས་བཅར་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཞུས་འདུག གོང་ཚེས་ཉིན་སྲིད་སྐྱོང་མཆོག་གིས་མཧཱ་ར་ཤི་ཏྲ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧ་རི་བྷའུ་བྷ་ཀ་ཌེ་མཆོག་དང་། ཧི་མཱ་ཅལ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་བྷི་རིཇ་བྷི་ཧ་རི་ལལ་བྷུ་ཊེལ་མཆོག རྒྱ་གར་གྱི་དེ་སྔའི་ཕྱི་སྲིད་བློན་ཆེན་ནཊ་ཝར་སིངྒ་མཆོག རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་སྐུ་ཞབས་ཨ་ན་ཧ་ཛ་རེ་ལགས་བཅས་དང་ལྷན་མཇལ་འཕྲད་ཀྱང་གནང་ཡོད་འདུག
སྤྱིར་ཕྱི་ཚེས་ ༡༠ ཉིན་དབུ་འཛུགས་གནང་བའི་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་དེའི་ཐོག་ལོ་ལྟར་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ ༢༨ ནང་གི་སློབ་གཉེར་ཁང་ ༤༥༠ དང་མཐོ་སློབ་ཁང་ ༢༥༠༠༠ ལྷག་གི་ནང་ནས་ཆབ་སྲིད་དང་སྤྱི་ཚོགས་ལས་འགུལ་བའི་སློབ་མ་གྲངས་ ༡༢༠༠༠ བརྒལ་བ་རང་དབང་གི་ལམ་ནས་དཔྱད་འདེམས་བྱས་པ་བརྒྱུད་མཉམ་ཞུགས་གནང་གི་ཡོད་འདུག ཐེངས་འདིའི་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི་མང་གཙོའི་ནུས་པ་ཇེ་ཆེར་གཏོང་ཆེད་ན་གཞོན་ཚོར་བློ་སྤོབས་སྤེལ་ཐབས། Inspiring Youth for Strengthening Democracy ཞེས་པ་ཡིན་འདུག ཐེངས་འདིའི་ལྷན་ཚོགས་འདི་བཞིན་ Bharatiya Chhatra Sansad Foundation ཞེས་པས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལྷན་ཚོགས་འདིའི་དམིགས་ཡུལ་གཙོ་བོ་ནི་ན་གཞོན་སློབ་མ་ཚོའི་ཁྲོད་གཞི་རིམ་གྱི་མང་གཙོའི་གོ་རྟོགས་ཇེ་ཆེར་གཏོང་ཐབས་ཆེད་ཡིན་འདུག ལྷན ཚོགས་ཐོག་གཏམ་བཤད་གནང་མཁན་ཁོངས་སུ་ རྒྱ་གར་གཞུང་དང་གྲོས་ཚོགས། གསར་ཁང་། གློག་བརྙན་བཟོ་ཚོང་ཁང་སོགས་ལས་རིགས་འདྲ་མིན་གྱི་མི་སྣས་གཏམ་བཤད་གནང་ཡོད་འདུག