ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བྷང་གལ་(West Bengal)མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་(Kolkata)༸ཞབས་སོར་འཁོད་སྐབས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ཡང་མཛད་འཕྲིན་གྱི་ཐོག་མར་ཁུལ་དེར་དགུན་ཚོང་གཉེར་མཁན་བོད་རིགས་དང་ཤི་རི་ན་གར་(Srinagar)ཁུལ་ནས་ཡིན་པའི་བོད་རིགས་ཁ་ཆེ་བཅས་ཁྱོན་མི་གྲངས་ ༡༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་བོད་མི་དེ་དག་ལ་མགོན་པོ་གང་ཉིད་མཆོག་གིས་ད་རེས་དེ་གར་ཕེབས་བསུ་བཅར་བར་ཐུགས་རྗེ་ཆེ་ཞེས་བཀའ་སློབ་ཕེབས་པ་དང་སྦྲགས། ༸གོང་ས་མཆོག་སྐུ་ན་ཆུང་དུས་ལྷ་སར་ཡོད་སྐབས་༸རྒྱལ་དབང་སྐུ་གོང་མའི་ཕྱག་ཚོད་ཅིག་ཡོད་པ་དེ་བཟོ་བཅོས་རྒྱག་དགོས་ཡོད་པར་སོང་། བོད་པ་ཁ་ཆེ་ཞིག་གིས་ཕྱག་ཚོད་དེ་བཟོ་བཅོས་བརྒྱབ་རྗེས་༸གོང་ས་མཆོག་ལ་འབུལ་ལམ་ཞུས་ཏེ་ཕྱག་ཚོད་འདི་སོ་སོའི་ཨམ་ཕྲག་ནང་སྒོ་ང་བདག་ཉར་མཛད་ཡོད་པ་ལྟར་གཟབ་གཟབ་མཛད་ནས་ཉར་ཚགས་དགོས་སྐོར་ཉེན་བརྡ་བཏང་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག་བཀའ་སློབ་སྩལ་དོན།ཀ་ཤི་མིར་ཁུལ་གནས་སྡོད་བོད་རིགས་ཁ་ཆེ་རྣམས་བཙན་བྱོལ་ནང་འདས་པའི་ལོ་ངོ་ ༥༦ ལྷག་འགྲོ་བཞིན་ཡོད་ནའང་བོད་པའི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། མི་རབས་རྒན་པ་ཚོས་འབད་བརྩོན་ལ་བརྟེན་ནས་མི་རབས་གཞོན་པ་ཚོས་ད་ཆ་བོད་སྐད་གཙང་མ་རྒྱག་བཞིན་ཡོད། དེར་བརྟེན་ངས་མི་རབས་རྒན་པ་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན། ངས་རྒྱུན་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་བསྐྱོད་དེ་བོད་མི་རྣམས་ཐུག་སྐབས་བོད་རིགས་ཕ་མ་ཚོས་སོ་སོའི་ཕྲུ་གུར་དབྱིན་སྐད་རྒྱག་མཁན་ཚོར་ངས་ཀ་ཤི་མི་རིའི་བོད་པ་ཁ་ཆེ་ཚོ་དཔེ་མཚོན་འཇོག་གི་ཡོད། ཅེས་སོགས་དང་། དེ་བཞིན་བོད་རིགས་སུད་ཚོང་བ་རྣམས་ལ་བྱམས་བརྩེའི་བཀའ་སློབ་སྩལ་རྗེས་བོད་རིགས་རྣམས་དང་ལྷན་སྐུ་པར་སྒྲོན་ཡོད། དེ་རྗེས་༸གོང་ས་མཆོག་ཀོལ་ཀ་ཏར་ཡོད་པའི་ཡི་ཤུ་གཞན་ཕན་དགེ་རྩར་ཆིབས་སྒྱུར་བསྐྱངས་སྟེ་ ཁུལ་དེར་ཡོད་པའི་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་བཙུན་མ་འདས་མོ་ཨ་མ་ཊེ་རི་སའི་བཞུགས་གནས་སུ་འཚམས་གཟིགས་དང་སྦྲགས། དེར་གནས་སྡོད་ཡེ་ཤུའི་བཙུན་མ་ཚོར་བཀའ་སློབ་སྩལ། གྲོང་ཁྱེར་ཀོལ་ཀ་ཏའི་ཡེ་ཤུའི་ཆོས་དཔོན་ཐོ་མ་སི་ཌི་སུ་ས་ Thomas D’Souza མཆོག་དང་ཡང་མཇལ་འཕྲད་མཛད་འདུག
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ཁྱེད་རང་ཚོ་དང་སླར་ཡང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐེངས་འདིར་ཁྱེད་ཚོས་ངོས་ལ་མགྲོན་འབོད་གནང་བ་ཞིག་མིན་པར་ངོས་རང་འདོད་མོས་ལྟར་བཅར་བ་ཞིག་ཡིན། ངོས་ཀྱིས་བཙུན་མ་ཁྱེད་རང་ཚོས་འགྲོ་བ་མིའི་བདེ་དོན་སྤྱི་དང་ལྷག་པར་དབུལ་ཕོངས་ཉམ་ཐག་རྣམས་ལ་ལྟ་སྐྱོང་གནང་བཞིན་པ་དེར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ངོས་རང་དེ་སྔ་ཐེངས་གཅིག་ཨ་མ་ཊེ་རེ་ས་ལགས་མཇལ་མྱོང་ཡོད། ཁོང་ནི་གཞན་ཕན་གྱི་ལས་དོན་སྒྲུབ་པ་བརྒྱུད་བྱམས་བརྩེ་དངོས་སུ་ལག་བསྟར་བྱེད་མཁན་ཞིག་ཡིན་པར་བརྟེན། དམ་པ་ཁོང་ནི་མིག་དཔེར་འོས་པའི་སྐྱེ་ཆེན་དམ་པ་ཞིག་ཆགས་ཡོད། ཁོ་མོ་ད་ཆ་ང་ཚོའི་ཁྲོད་སྐུ་འཚོ་བཞུགས་མེད་ནའང་ཁོང་གི་སྙིང་སྟོབས་ནི་དུས་ད་ལྟའང་མུ་མཐུད་གནས་ཡོད། ཁྱེད་རང་ཚོས་མུ་མཐུད་མི་མང་དབུལ་ཕོངས་ཉམ་ཐག་རྣམས་ལ་ཞབས་འདེགས་སྒྲུབ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་འཛམ་གླིང་ནང་མི་ཐེར་འབུམ་ཡོད་པ་དེ་དག་ཁྱིམ་ཚང་གཅིག་གི་འདུ་ཤེས་འཛིན་པའི་ཐོག་ནས་གཞན་ཕན་སྒྲུབ་པ་བརྒྱུད། དུས་རབས་ ༢༡ པ་འདི་བཞིན་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་ཐབས་བྱེད་དགོས། འགྲོ་བ་མིའི་བདེ་སྡུག་ལ་སེམས་ཁུར་བླངས་ཏེ་ཞབས་འདེགས་སྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱི་ནམ་རྒྱུན་མི་ཚོར་ཡེ་ཤུའི་ཆོས་གྲོགས་ཕོ་མོ་རྣམས་ཀྱིས་ཤེས་ཡོན་དང་འཕྲོད་བསྟེན་ཐོག་འགྲོ་བ་མིར་ཞབས་འདེགས་ཧ་ལས་པ་བསྒྲུབ་བཞིན་ཡོད་སྐོར་ཡང་ཡང་འགྲེལ་བརྗོད་བྱེད་བཞིན་ཡོད། ཨ་མ་ཊེ་རེ་ས་ལགས་ཀྱིས་མི་ཚེ་ཧྲིལ་པོ་དབུལ་ཕོ
ངས་ཉམ་ཐག་རྣམས་ཀྱི་ཆེད་ཕྱག་ལས་གནང་ཡོད། ངོས་རང་ཁོ་མོར་བསྔགས་བརྗོད་ཞུ་མཁན་ཞིག་ཡིན་པའི་ཆ་ནས་ཁོ་མོར་རྗེས་དྲན་ཞུ་རྒྱུ་ངོས་ཀྱི་ལས་འགན་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཡོན་ཏན་གོང་མཐོར་གཏོང་ཐབས་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་ཐབས་ཀྱི་སྐུའི་མཛད་འགན་གཉིས་ཀྱི་སྐོར་བཀའ་སློབ་སྩལ་བ་དང་ཆབས་ཅིག མི་རབས་རྒན་པ་ཚོ་རིམ་པས་རྫོགས་འགྲོ་གི་ཡོད་སྟབས་གཞོན་པ་ཚོས་མུ་མཐུད་བྱ་བ་བཟང་པོ་སྒྲུབ་སྟེ་འབྱུང་འགྱུར་མི་རབས་ཚོར་མིག་དཔེ་འོས་པ་ཞིག་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་རྗེས། བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་མ་བསྐྱངས་གོང་གསར་འགོད་པའི་དྲི་བར་བཀའ་ལན་ཡང་སྩལ་འདུག
དེ་བཞིན་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་ཀོལ་ཀ་ཏའི་ནང་རྟེན་གཞི་བྱས་པའི་ Presidency University པེ་རེ་སི་ཌེན་སི་གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་མཛད་ཡོད་པ་མ་ཟད། ཕྱེད་ཡོལ་ཀོལ་ཀ་ཏའི་བཟོ་ཚོང་མཐུན་ཚོགས་ཀྱི་ཚོགས་མི་དང་སྐུ་མགྲོན་རྣམས་ལ་བཀའ་སློབ་སྩལ་ཡོད་འདུག