༢༠༡༥ ཟླ་ ༡ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུ་རཏ་གྲོང་ཁྱེར་ནང་གདན་ཞུའི་གསོལ་འདེབས་ཞུ་མཁན་ Shree Ramkrishna Exports ཞེས་པའི་ཕ་ལམ་ཕྱིར་ཚོང་བཟོ་ལས་ཐེབས་རྩ་ཁང་གིས་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ནང་ཞི་བདེ་གོང་སྤེལ་གཏོང་ཐབས་ཀྱི་མཛད་འཕྲིན་ལ་ཆེ་མཐོང་ཞུ་ཆེད་སན་ཏོག་བྷ་དྲན་རྟེན་ Santokbaa Memorial Award ཞེས་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་འབུལ་ལམ་ཞུས་འདུག
དེ་ཡང་༧གོང་ས་མཆོག་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཆིབས་སྒྱུར་མ་བསྐྱངས་གོང་ཁུལ་དེའི་གསར་འགོད་པ་ཁག་གཅིག་དང་ལྷན་མཇལ་འཕྲད་ཀྱིས་ཆེད་དོན་དྲི་བར་བཀའ་ལན་སྩལ་འདུག སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མི་རིགས་གཅིག་འགྱུར་གྱི་འདུ་ཤེས་དང་གོ་ལ་སྤྱི་ཡོངས་ལ་ཀུན་ཁྱབ་འགན་འཁུར་གྱི་འདུ་ཤེས་ཤུགས་ཆེ་རུ་གཏོང་ཆེད། མགོན་པོ་གང་ཉིད་མཆོག་གི་འགྲོ་བ་མིའི་བཟང་པོའི་ཡོན་ཏན་རྣམས་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་མཛད་འགན་གཙོ་བོ་གཉིས་སྐོར་གསལ་བཤད་མཛད་ཡོད་པ་མ་ཟད། ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་རྒྱ་གར་གྱི་བཟང་པོའི་རིན་ཐང་དེ་དག་རྒྱ་ཁྱབ་དུ་གཏོང་རྒྱུའི་ལས་གཞི་ཐོག་གསར་འགོད་པ་ཚོ་ཡང་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་སྐོར་བཀའ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནང་རྒྱ་གར་ནས་དར་བའི་ཞི་བདེ་དང་བྱམས་བརྩེར་གཞི་བཅོལ་བའི་བོད་མིའི་རིག་གཞུང་དེ་དག་བདག་གཅེས་བྱ་རྒྱུ་ནི་སྐུའི་མཛད་འཁུར་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་འདུག དེ་བཞིན་༧གོང་ས་མཆོག་གིས་གསར་འགོད་པ་རྣམས་ཀྱིས་ཆོས་ལུགས་བརྗེ་བསྒྱུར་དང་། གོ་མཚོན་དང་མྱོས་རྫས་ངན་གོམས་འགོག་ཐབས་སྐོར་སོགས་ཀྱི་དྲི་བར་བཀའ་ལན་ཡང་སྩལ་འདུག
དེ་རྗེས་མགོན་པོ་གང་ཉིད་མཆོག་གཟེངས་རྟགས་བཞེས་ཆེད་ Sanjeev Kumar auditorium ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་གྱི་དེར་༧ཞབས་སོར་འཁོད་སྐབས་མང་ཚོགས་ཀྱི་སྤྲོ་སེམས་ཆེན་པོའི་སྒོ་ནས་ཕེབས་བསུ་ཞུས་འདུག མཛད་སྒོའི་ཐོག་མར་མགོན་པོ་གང་ཉིད་མཆོག་དང་གུ་ཇུ་ར་ཏི་མངའ་སྡེའི་སྲིད་སྐྱོང་ཨོ་པི་ཀོ་ལི་ OP Kohli མཆོག སྐུ་མགྲོན་གཙོ་བོ་པང་ཀཇ་པ་ཊིལ་ Pankaj Patel ལགས་བཅས་ཀྱི་སྣང་གསལ་ཞལ་ཕྱེ་མཛད་གྲུབ་མཚམས། ཕ་ལམ་ཕྱིར་ཚོང་བཟོ་ལས་ཐེབས་རྩ་ཁང་གི་འགན་འཛིན་ Govind Dholakia ལགས་ཀྱིས་གཟེངས་རྟགས་དེ་ནི་ཁོང་རང་ཉིད་ཀྱི་ཨ་མ་ལགས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་འགྲོ་བ་མི་སྤྱིའི་བདེ་དོན་ཐོག་ཕྱག་ལས་རྒྱ་ཆེ་གནང་མཁན་མི་སྒེར་པ་དེ་དག་ལ་ཆེ་བསྟོད་ཞུ་ཆེད་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུ་གི་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ། ད་ཐེངས་གཟེངས་རྟགས་ཐེངས་བདུན་པ་དེ་༧གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུའི་གསལ་བསྒྲགས་གནང་འདུག དེ་རྗེས་སྐུ་མགྲོན་རྣམ་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས།
༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བཀུར་འོས་ས་གནས་སྲིད་སྐྱོང་མཆོག་དང་སྐུ་མགྲོན་རྣམ་པ།སྤུན་ཟླ་ཕོ་མོ་རྒན་གཞོན་རྣམ་པ། ངོས་ཀྱིས་རྒྱུན་དུ་མང་ཚོགས་ལ་གཏམ་བཤད་བྱེད་སྐབས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་བསམ་པ་དྲན་གྱི་ཡོད། ཁྱེད་ཚོས་ངོས་ལ་གཟེངས་རྟགས་འདི་འདྲ་ཞིག་གནང་བར་ངོས་ལ་ཆེ་མཐོང་ཧ་ཅང་ཆེན་པོ་ཐོབ་པ་ཞིག་བྱུང་། ངོས་ཀྱིས་མགོ་རས་འདིར་བསྔགས་བརྗོད་ཞུ་རྒྱུ་ཡིན། གཟེངས་རྟགས་འདི་བརྒྱུད་བོད་བྱང་ཤར་ནས་ཡིན་པའི་ཞིང་པའི་བུ་དང་གུ་ཇུ་ར་ཏི་ནས་ཡིན་པའི་ཞིང་པའི་བུ་གཉིས་དབར་འབྲེལ་བ་བྱུང་ཡོད། སོ་ནམ་ཞིང་པས་སྤྱི་ཚོགས་ནང་ཁ་ཟས་ཐོན་སྐྱེད་བསྐྲུན་བཞིན་ཡོད་སྟབས་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་ང་ཚོས་གྲོང་ཁྱེར་ཙམ་མིན་པར་གྲོང་གསེབ་ས་ཁུལ་ཁག་ཏུ་ཡང་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྐྱོ་པོ་དེ་དག་སོ་སོའི་གྲོང་གསེབ་ནང་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་སྟབས་གྲོང་ཁྱེར་ནང་ཟུར་སྡོད་བྱས་ནས་གནས་སྟངས་ཧ་ཅང་སྐྱོ་པོའི་ཐོག་འདོད་དགོས་ཐུག་གི་ཡོད། གལ་ཏེ་གྲོང་གསེབ་ཁུལ་དུ་འཚོ་བ་ཡར་རྒྱས་ཕྱིན་ན་ང་ཚོ་ཚང་མར་ཁེ་ཕན་ཡོད། ངོས་ཀྱི་གྲོགས་པོ་ཚོས་ད་ལྟའི་འཛམ་གླིང་ནང་ཡར་རྒྱས་འགྲོ་སྟངས་འདི་ཡུན་གནས་ཐུབ་ཐབས་མེད་པ་བརྗོད་བྱུང་། དེར་བརྟེན་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་གསར་པ་ཞིག་འཚོལ་དགོས་པ་མ་ཟད། ཕོ་མོ་དང་རིགས་རུས་ཀྱི་དབྱེ་འབྱེད་བྱེད་རྒྱུའི་སྤྱི་ཚོགས་ཀྱི་དཀའ་ངལ་དེ་དག་སེལ་ཐབས་ངེས་པར་དུ་བྱེད་དགོས། དེ་ལྟར་ཡོང་བར་ས་ཞིང་འདེབས་ལས་ལ་མཚོན་ན། ང་ཚོས་རྫས་ལུད་བེད་སྤྱོད་བྱེད་རྒྱུ་ཉུང་དུ་བཏང་སྟེ་སྐྱེ་ལྡན་སོ་ནམ་ཞིང་ལས་ཐོག་བསྐྱོད་ཐབས་བྱེད་དགོས། དེ་ལྟར་བྱུང་ན་འཕྲོད་བསྟེན་ལའང་ཕན་གྱི་རེད། ཅེས་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་མཛད་འགན་གཙོ་བོ་གསུམ་གྱི་ཐོག་བཀའ་སློབ་སྩལ། ཕྱེད་ཡོལ་གསར་འགོད་པ་གཞོན་སྐྱེས་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཟོ་གྲྭའི་སྦྱིན་བདག་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་སྐབས་༸རྒྱལ་བའི་ཡང་སྲིད་སྐོར་དང་ཚོང་ལས་ནང་བཟང་སྤྱོད་ཉམས་ལེན་བྱེ་ཕྱོགས་སོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད།
ཕྱི་ཚེས་ ༣ ཉིན་མགོན་པོ་གང་ཉིད་མཆོག་སླར་ཡང་མཧཱ་ར་ཤེ་ཊ་་(Maharashtra) མངའ་སྡེའི་ནཱ་སིག་ (Nasik) ཏུ་ཆིབས་ཞལ་བབསྒྱུར་ཏེ་ཧིན་བོད་མཛའ་འབྲེལ་ཚོགས་པས་གོས་སྒྲིག་འོག་མང་ཚོགས་ལ་བཟང་སྤྱོད་སྐོར་བཀའ་སྩལ་ཡོད་འདུག