༢༠༡༥ ཟླ་ ༡ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༤ ནས་ཚེས་ ༡༦ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པའི་ལས་འཆར་བཀོད་སྒྲིག་ལྟར། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་ནང་རྡ་ས་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་ལས་ཁུངས། རང་བདེན་ཚོགས་ཆུང་། དབུས་སྨན་རྩིས་ཁང་། དབུས་བུད་མེད་ལྷན་ཚོགས། རྡ་ས་ས་གནས་བུད་མེད་ལྷན་ཚོགས། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་། ཀུན་ཕན། ནང་བསྟན་སྲིད་ཞུ་ཁང་། བོད་ཀྱི་དགེ་རྩ་ཚོགས་པ་བཅས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། རྒྱུན་ལས། ལས་བྱེད་སོགས་མི་གྲངས་ ༡༥ ཙམ་ལ་མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་སྟངས་སྐོར་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་གནང་འདུག
དེ་ཡང་ཉིན་གསུམ་རིང་གི་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི། དབུ་མའི་ལམ་གྱི་བྱུང་རིམ་དང་ངོ་བོ། ཐབས་ལམ་སྐོར་གོ་རྟོགས་རྒྱ་སྐྱེད་བཏང་སྟེ། བོད་དོན་འཐབ་རྩོད་མདུན་སྐྱོད་ཇི་ལྟར་དགོས་མིན་སོགས་ལམ་སྟོན་གནང་རྒྱུ་ཡིན་འདུག ཟབ་སྦྱོང་སྐབས་ཟབ་ཁྲིད་གནང་སྟངས་ཀྱི་ཐབས་ལམ་དེ་ཡང་སྲོལ་རྒྱུན་ལྟར་མིན་པར་གསར་གཏོད་རིམ་པའི་ལམ་ནས་མང་ཚོགས་ཀྱི་དབུ་མའི་ལམ་གྱི་སྐོར་རྒྱུས་མངའ་ཇི་ཙམ་ཡོད་མེད་རྟོགས་ཐབས་བྱ་རྒྱུ་དང་། རང་གི་གང་ཤེས་པ་དེ་གཞན་ལ་འགྲེལ་བཤད་ཇི་ལྟར་གནང་དགོས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༥ ཉིན་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། བོད་རྒྱ་འབྲེལ་ལམ་ཐོག་མདུན་སྐྱོད་མཛད་ཐབས། རྒྱལ་སྤྱི་དང་ལྷག་པར་རྒྱ་རིགས་ཤེས་ཡོན་མི་སྣ་དང་སློབ་ཕྲུག དེ་བཞིན་མང་ཚོགས་སོགས་ཀྱི་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་སོགས་ངོ་སྤྲོད་དང་མང་ཚོགས་ཀྱི་དྲི་བར་གསལ་བཤད་དང་ལན་འདེབས་ཞིབ་རྒྱས་གནང་།