༢༠༡༥ ཟླ་ ༡ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །རང་དབང་གི་ཁང་པ། Freedom House ཞེས་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་དེང་སྐབས་བོད་དང་རྒྱ་ནག ཤིང་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། དེ་བཞིན་མང་གཙོ་དང་ཆབ་སྲིད་རང་དབང་སོགས་ཀྱི་གནས་སྟངས་ལ་ཞིབ་འཇུག་གནང་འབྲས་སུ་ས་ཁུལ་དེ་དག་ནང་དེང་སྐབས་དམ་བསྒྲགས་ཆེ་རུ་འགྲོ་བཞིན་ཡོད་པ་ར་སྤྲོད་བྱུང་འདུག དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༣ རེས་གཟའ་མིག་དམར་ཉིན་བཏོན་པའི་སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༠༨ དང་ ༢༠༠༩ ལོའི་ལོ་མགོར་བོད་དང་ཡུ་གུར་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱེད་མཁན་བོད་རིགས་དང་ཤིང་ཅང་མི་རིགས་སྟོང་ཕྲག་མང་པོར་དེང་སྐབས་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་ཁར། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་ཁ་གཡར་ནས་བོད་མི་དང་ཡུ་གུར་མི་རིགས་རྣམས་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། བཙོན་འཇུག་བྱས་པ། མནར་གཅོད་བཏང་བ། སྲོག་ཁྲིམས་གཅོད་པ་སོགས་ཤུགས་ཆེ་བྱེད་བཞིན་འདུག
གཞན་ཡང་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༠༩ ནས་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེར་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གི་ལམ་ནས་ཞི་རྒོལ་གཅིག་རྗེས་གཉིས་མཐུད་བྱས་རྗེས་དམ་བསྒྲགས་དེ་བས་བྱེད་ཤུགས་ཆེ་རུ་བཏང་ཡོད་སྐོར་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ནང་རང་ལུས་མེར་སྲེག་གི་ལས་འགུལ་དེའི་གྲངས་ཚད་མཐོ་ཤོས་སུ་བསླེབས་ནས་དེ་རྗེས་མུ་མཐུད་ནས་གནང་སྐབས་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་དང་དངོས་ཤུགས་བརྒྱུད་ནས་འབྲེལ་ཡོད་ཚང་མར་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་ལུས་མེར་སྲེག་དང་ཐད་ཀར་འབྲེལ་ཡོད་ཀྱི་ཉེས་འཛུགས་ཕོག་པ་རྣམས་ལ་མི་བསད་པའི་ཉེས་འཛུགས་བྱས་ཡོད། དེར་བརྟེན་ཕྱི་ལོ་ ༢༠༡༣ ལོའི་ལོ་མཇུག་ཙམ་ལ་རྫོང་གཅིག་ནང་བོད་མི་ ༥༨ འཛིན་བཟུང་དང་བོད་མི་བཙོན་དུ་ལོ་ ༡༨ རིང་ཁྲིམས་ཆད་ཕོག་པ་མི་གྲངས་བཅོ་ལྔ་བྱུང་ཡོད་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༡༣ ལོར་དགེ་འདུན་པ་གཉིས་འཛིན་བཟུང་བཙོན་འཇུག་བྱས་ནས་བདུན་ཕྲག་གཅིག་ལས་མ་སོང་བར་ཁོང་གཉིས་མནར་གཅོད་འོག་བསད་འདུག དེའི་ཁོངས་ནས་དགེ་འདུན་པ་གཅིག་ནི་མང་ཚོགས་ཁྲོད་དད་གུས་ཤུགས་ཆེ་ཞུ་ཡུལ་ཞིག་ཡིན་འདུག ཅེས་བཀོད་འདུག སྤྱིར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེ་ཤུགས་ཆེ་རུ་བཏང་ཡང་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ལ་ཞི་རྒོལ་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད་སྐོར་སྙན་ཐོའི་ནང་གསལ་འདུག ཕྱོགས་མཚུངས་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་བོད་མི་མང་པོ་ཞིག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་དཔར་རང་ཁྱིམ་དུ་ཉར་ནས་དད་གུས་ཞུ་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་མི་ཚོར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་འདྲ་མིན་སྤེལ་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་དགོས་པ་བོད་མི་ཚོར་བཙན་བཀའ་བཏང་ཡང་བོད་མི་ཚོས་ཉན་འཇོག་མ་བྱས་པར་ཁོང་གི་སྐུ་དཔར་ཉར་བཞིན་ཡོད་སྐོར་སྙན་ཐོའི་ནང་འཁོད་འདུག དེང་སྐབས་རྒྱ་ནག་གཞུང་གིས་རྒྱ་ནག་སྐམ་སའི་ནང་དམ་བསྒྲགས་ཤུགས་ཆེ་བྱེད་དགོས་པའི་གནད་དོན་རྣམས་ནི་ཆབ་སྲིད་བཙོན་པའི་རྩོམ་ཡིག རྒྱ་ནག་དམར་ཤོག་འགོ་ཁྲིད་ཚོར་སྐྱོན་འཛུགས་བྱས་པའི་གནས་ཚུལ། དེ་བཞིན་བོད་དང་ཡུ་གུར་ནང་རང་སྐྱོང་གི་གནས་བབ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐེ་ཝན་ནང་རང་བཙན་དང་མང་གཙོ་དགོས་པའི་དགོས་འདུན། དེ་བཞིན་རྩ་རླུང་སྒོམ་བསྒྲུབ་ Falun Gong ཉམས་ལེན་བྱ་རྒྱུ་སོགས་ཡིན་སྐོར་སྙན་ཐོའི་ནང་འཁོད་ཡོད།