༢༠༡༥ ཟླ་ ༡ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ལྡི་ལི་ཧ་ཏི་ Dilli Haat ཞེས་པའི་ས་གནས་སུ་རྒྱ་གར་དང་བོད་ཀྱི་གནའ་དེང་གི་ལག་ཤེས་ལས་བཟོ་སྤྲུན་བྱས་པའི་དངོས་རྫས་འགྲེམས་སྟོན་ཐེངས་ ༢༩ པའི་མཇུག་བསྡོམས་མཛད་སྒོའི་29th Annual Dastakari Craft Art Bazaar at Dilli Haat སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་འདུག འདི་ལོའི་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་ནི། འཕགས་བོད་གཉིས་དབར་ལག་ཤེས་བཟོ་བཀོད་ཀྱི་སྒྱུ་སྩལ་བརྗེ་ལེན་བྱ་རྒྱུ་ཡིན་པ་དང་། བོད་ལ་མཚོན་ན་མི་རབས་ནས་མི་རབས་རྒྱུད་དཀའ་ངལ་ཧ་ཅང་བརྒྱབ་ནས་ཡར་རྒྱས་བྱུང་བའི་ལག་ཤེས་སྒྱུ་སྩལ་དཔེར་ན། ཆོས་རྫས་དང་དངོས་རྫས་རིགས་སོགས་འགྲེམས་སྟོན་བྱ་རྒྱུའི་གོ་སྐབས་ཐོབ་ཡོད་པ་མ་ཟད། རྒྱ་གར་ལ་མཚོན་ན་ཐེངས་འདིར་རྒྱ་གར་གྲོང་གསེབ་དང་གྲོང་ཁྱེར་སོགས་ནས་ལག་ཤེས་བཟོ་བཀོད་པ་མི་གྲངས་ ༡༩༠ ཙམ་གྱིས་སྒྱུ་རྩལ་འགྲེམས་སྟོན་བྱ་རྒྱུའི་གོ་སྐབས་ཐོབ་པ་བྱུང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན་ནི། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་༧གོང་ས་མཆོག་དང་བོད་མི་སྟོང་ཕྲག་བརྒྱད་བཅུ་ལྷག་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་སྒྱུར་བསྐྱངས་ཡོད།
སྐབས་དེར་རྒྱ་གར་གཞུང་མང་གཉིས་ཀས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་ཧ་ཅང་གནང་ཡོད་པ་དང་། བོད་མི་སྐྱབས་བཅོལ་བ་མང་ཤོས་རྒྱ་གར་དུ་གནས་སྡོད་བྱེད་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་དེ་རྒྱ་གར་ནང་འགོ་ཚུགས་ཡོད། དེར་བརྟེན་བོད་མི་རྣམས་དུས་རྟག་ཏུ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བསམ་ཤེས་བྱེད་ཀྱི་ཡོད་སྐོར་གསུང་བཤད་གནང་ཡོད། གཞན་ཡང་མཛད་སྒོའི་སྐབས་འགྲེམས་སྟོན་གོ་སྒྲིག་ཚོགས་གཙོ་ལྕམ་སྐུ་ཇ་ཡ་ཇེ་ཊི་ལི་ Madam Jaya Jaitly མཆོག་དང་། ཨ་རུ་ནཱ་ཅལ་པར་དེ་ཤིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ནོང་ཨེ་རིང་མཆོག Mr. Nenong Eiring སོགས་ཕེབས་འདུག སྤྱིར་ཐེངས་འདིའི་འགྲེམས་སྟོན་གོ་སྒྲིག་གནང་མཁན་བོད་མིའི་ཚོང་ལས་སྡེ་ཚོགས་དང་ Dastakari Haat Smaiti ཞེས་པ་འདི་ཡིན་འདུག